ཐིམ་ཕུག་ལུ་ སྤྱི་ཟླ་༩ པའི་ཚེས་༤ ལས་་འགོ་བཙུགས་མི་ རྒྱལ་ཡོངས་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ བདུན་ཕྲག་བརྩི་སྲུང་ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ཨིནམ་ད་ ཉིན་གྲངས་༥ གི་རིང་ལུ་ གནད་དོན་ཁག་ལེ་ཤ་ཅིག་ར་ གྲོས་བསྡུར་འབདཝ་ད་ རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ཚུ་ ཡུན་བརྟན་གནས་ཐབས་ལུ་ མཉམ་འབྲེལ་གང་དྲག་འབད་དགོཔ་ ཁག་ཆེ་བའི་སྐོར་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ ཨ་ལོ་ཚུ་གིས་ཡང་ རྩེདམོ་སྣ་ཚོགས་ནང་ བཅའ་མར་གཏོགས་ཡོདཔ།

ཨ་ལོ་གཅེས་སྐྱོང་ལྟེ་བ་ཡར་འཕར་འགྱོ་རུང་ ཡུན་བརྟན་གྱི་དོན་ལུ་ མཉམ་འབྲེལ་དགོ་ནི།

༉ རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ཚུ་ ཡུན་བརྟན་དང་ གོང་འཕེལ་གཏང་དགོ་པ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་གང་དྲག་ འབད་དགོཔ་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ བདུན་ཕྲག་བརྩི་སྲུང་དང་འབྲེལ་ ལྟེ་བ་ཚུ་ནང་ མཐུན་རྐྱེན་ཚུ་ གོ་བཀྲམ་དང་ ཡུན་བརྟན་གྱི་སྐོར་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་བསྡུར་འབད་ཡི།
ཤེས་རིག་ལྷན་ཁག་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ གཙོ་འཛིན་འགོ་དཔོན་ ཤེས་རབ་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ ད་རེས་ སྒེར་སྡེ་དང་ ལས་འཛིན་ གཞུང་གི་ལས་སྡེ་ཚུ་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ཡོདཔ་བཞིན་དུ་ ལྟེ་བའི་ནང་ ཨ་ལོ་སྐྱེས་ལོ་༣-༥ འབད་མི་ཚུ་ འཛུལ་ཞུགས་ཀྱི་ ཚད་གཞི་བཟོ་སྟེ་ཡོདཔ་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་འབད་མ་ཚུགས་པ་ཅིན་ འབྲུག་ཤེས་རིག་ལག་ལེན་འཆར་གཞི་༢༠༡༤-༢༤ ཅན་མའི་ དམིགས་ཡུལ་འགྲུབ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད་ ད་རེས་ ལྟེ་བའི་བདུན་ཕྲག་བརྩི་སྲུང་འབད་མི་དེ་ཡང་ ལྟེ་བ་ཚུ་ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་འབད་མི་ཚུ་ ལྷག་པར་དུ་ ཡར་དྲག་གཏང་ཐབས་ལུ་ཨིན་པས།
ལྟེ་བ་ཚུ་གི་ མཉམ་འབྲེལ་པ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ དམིགས་བསལ་དུ་ མཐའ་ཟུར་ཚུ་ནང་ ལྟེ་བ་༣༢ གཞི་བཙུགས་འབད་དེ་ཡོདཔ་ད་ བློ་ལྡན་གཞི་ཚོགས་ཀྱིས་ ལྟེ་བ་༥ དང་ ཤེས་རིག་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ སྒེར་སྡེ་དང་ ལས་སྡེ་ཚུ་གཞན་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ཚུ་གིས་ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་བཟང་དོན་གྲུབ་ཀྱིས་ སླབ་མིའི་ནང་ རྫོང་ཁག་ནང་ སྒེར་གྱི་གཅེས་སྐྱོང་ལྟེ་བ་༡ བརྩིས་ཏེ་ ལྟེ་བ་༡༦ ཡོདཔ་ལས་ བརྒྱ་ཆ་༢༠ དེ་ཅིག་ ཁྱབ་སྟེ་ཡོད་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ ལྟེ་བ་དེ་གིས་ བརྒྱ་ཆ་༥༠ དང་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༥༠ ཁྱབ་ནིའི་དོན་ལུ་ ད་རེས་ མཉམ་འབྲེལ་འབད་མི་ ཚད་ཅིག་ལས་བརྒལ་མེདཔ་ལས་ མཉམ་འབྲེལ་པ་ ཡར་སེང་འབད་དགོཔ་འདུག་ཟེར་ཨིན་པས།

རྒྱལ་ཡོངས་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ བདུན་ཕྲག་བརྩི་སྲུང་དང་འབྲེལ་ སློབ་ཕྲུག་ཚུ་གིས་ རྩེད་རིགས་ཅིག་ནང་ བཅའ་མར་གཏོགས་པའི་བསྒང་།

ཤེས་རབ་ཕུན་ཚོགས་ཀྱིས་འབད་བ་ཅིན་ འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་དང་ ལྷན་ཐབས་ག་དེ་སྦེ་ འབད་ནི་ཨིན་ན་ ཤེས་རིག་ལྷན་ཁག་ལུ་ ཚ་གྱང་ཡོད་ཟེར་ཨིནམ་ད་ ས་གནས་གཞུང་ཚུ་གིས་ཡང་ རང་སོའི་ཨ་ལོ་ཚུ་ལུ་ ཤེས་ཡོན་ལུ་མེན་པར་ འཁོར་ལམ་དང་ ཆུ་གཡུར་ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ མི་སྡེ་ཚུ་ནང་ ལྟེ་བའི་སྐོར་ལས་ ལེགས་ཤོམ་སྦེ་ གོ་བརྡ་སྤྲོད་ཐོག་ལས་ ཧ་གོ་བཅུག་དགོཔ་དེ་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ དབང་ཚད་ཧྲིལ་བུ་ ས་གནས་གཞུང་ལུ་ཡོདཔ་ལས་ རང་སོའི་རྒེད་འོག་ནང་ ལྟེ་བ་གཞི་བཙུགས་ཀྱི་ གྲོས་འཆར་ཚུ་ ཁོང་གིས་ར་ བཙུགས་དགོཔ་ཨིན་རུང་ བཙུགས་མི་བཏུབ་པས་ཟེར་ཨིན་པས།
ད་རེས་ནངས་པར་ རྒེད་འོག་ཚུ་ནང་ གཅེས་སྐྱོང་ལྟེ་བ་ཚུ་ གྱེན་རྩུབ་དྲགས་ཀྱི་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་ཡོད་རུང་ གྲོང་གསེབ་སྨན་སྤྲོད་ཁང་དེ་ ས་ཐང་ལེགས་ཤོམ་ནང་ རྐྱབ་ཡོད་མི་ལུ་ བལྟ་བ་ཅིན་ གཅེས་སྐྱོང་ལྟེ་བ་དེ་ལུ་ གཙོ་རིམ་དེ་ཅིག་ར་ མེད་པའི་ རྟགས་མཚན་ཨིན་མས་ཟེར་ གྲོས་བསྡུར་བྱུང་ཡི།
རྒེད་འོག་ནང་ལས་ གཅེས་སྐྱོ་ལྟེ་བ་དེ་ གཙོ་རིམ་ཅན་སྦེ་ ངོས་ལེན་འབད་དགོཔ་བཞིན་དུ་ སྲིད་བྱུས་བཟོ་མི་ཚུ་གིས་འབད་རུང་ གཅེས་སྐྱོང་ལྟེ་བ་དེ་ ཡུན་བརྟན་སྦེ་ བཞག་ཐབས་ལུ་ མནོ་བསམ་བཏང་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
ཞལ་མཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཤེས་རིག་ལྷན་ཁག་ལུ་ རྒྱལ་ཡོངས་ཐབས་བྱུས་འཆར་གཞི་མེདཔ་ལས་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་གྱི་ སྤུས་ཚད་ལུ་ ཐོ་ཕོག་པའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི།
ཤེས་རབ་ཕུན་ཚོགས་ཀྱིས་འབད་བ་ཅིན་ ལྷན་ཁག་གི་ཧོངས་ལས་ འཆར་གཞི་༡༢ པའི་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ ཡར་སེང་འབད་ནི་ལུ་ རྒྱལ་ཡོངས་ཀྱི་ ལས་དོན་གཙོ་རིམ་ཅན་ཅིག་སྦེ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ ལྟེ་བའི་ནང་ ཨ་ལོ་སྐྱེས་ལོ་༣-༥ གི་བར་ན་འབད་མི་ཚུ་གིས་ རྩེདམོ་གི་ཐོག་ལུ་ ཤེས་ཡོན་སྦྱང་དོ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ གཞུང་གིས་ སྤྱི་འོག་རེ་ནང་ ལྟེ་བ་རེ་ གཞི་བཙུགས་འབད་ནི་ཨིན་པས།
རྒྱལ་སྤྱི་ཨ་ལོའི་མ་དངུལ་ཀྱི་ ལས་རིམ་འགོ་དཔོན་ སངས་རྒྱས་རྒྱ་མཚོ་གིས་ སླབ་མིའི་ནང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ལྟེ་བ་ཚུ་ནང་ ཟད་འགྲོ་དངུལ་ཀྲམ་༨༠ ལྷགཔ་ཅིག་བཏང་མི་དེ་ ལོ་རེའི་ནང་ དངུལ་ཀྲམ་ས་ཡ་༡༦ དེ་རེ་ གནས་ནུག་ཟེར་ཨིན་པས།
ལོ་དེ་ནང་ མི་འབོར་གྱི་ ཚད་གཞི་ལུ་ བལྟ་བ་ཅིན་ བརྒྱ་ཆ་༢-༣ ལས་བརྒལ་ ཡར་སེང་མ་སོང་པས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༢༤ ལུ་ ལྟེ་བའི་ཞབས་ཏོག་ བརྒྱ་ཆ་༥༠ དང་ སྤྱི་ལོ་༢༠༣༠ ལུ་ བརྒྱ་ཆ་༡༠༠ འགྲུབ་དགོ་པ་ཅིན་ ལོ་བསྟར་བཞིན་དུ་ མི་འབོར་གྱི་ ཚད་གཞི་དེ་ བརྒྱ་ཆ་༦ ཡར་འཕར་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་ནི་ལུ་ གནམ་མེད་ས་མེད་ ཁག་ཆེ་བས་ཟེར་ཨིན་པས།
ཁྲོམ་སྡེའི་ལྟེ་བ་ལ་ལོ་ཅིག་ནང་ ཨ་ལོ་ལོ་ཚད་ མ་ལང་མི་ཚུ་ཡང་ བཙུགས་དོ་ཡོདཔ་ལས་ ལྟ་རྟོག་འབད་དགོ་པའི་ཁར་ ལྟེ་བའི་སློབ་སྟོན་པ་ཚུ་གི་ ལྕོགས་གྲུབ་ཚུ་ཡང་ ཡར་སེང་འབད་དགོ་པའི་སྐོར་ལས་ གྲོས་བསྡུར་འབད་ཡི།
རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་དེ་ འགོ་དང་པ་ར་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཡོདཔ་ད་ གཞུང་གིས་ མོ་བཏབ་ཐོག་ལས་ སྤྱི་ལོ་༢༠༠༩ ལུ་ ལྟེ་བ་༢ གཞི་བཙུགས་འབད་བའི་ཤུལ་ལས་ ད་རེས་ རྒྱལ་ཁབ་ནང་ སྒེར་གྱི་ལྟེ་བ་༤༥ བརྩིས་ཏེ་ ད་ལྟོ་ ལྟེ་བ་༣༠༧ ཡོད་མི་དེ་ཡང་ ལོ་བསྟར་བཞིན་དུ་ ལྟེ་བ་༧༤ དེ་རེ་ ཡར་སེང་འགྱོ་ནི་དེ་གིས་ཨིན་པས།
ད་རེས་ནངས་པར་ གཞུང་གི་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ སློབ་ཕྲུག་ཨ་ལོ་༥,༥༠༠ བརྩིས་ཏེ་ བསྡོམས་༧,༢༥༠ ཡོད་པའི་ཁར་ མི་སྡེའི་ནང་ གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་༤༤༢ ཡོདཔ་བཞིན་དུ་ ལྟེ་བ་ཚུ གཞི་བཙུགས་འབད་དེ་ ལོ་༨ དེ་ཅིག་ ལང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *