ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་དང་ ཡུ་ནི་སེཕ་གི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མདོ་ཆེན་ ཨམ་ཇིན་གའུ་གིས་ ཨ་ལུ་གཅེས་སྐྱོང་དང་ ཡར་སྐྱེད་ཀྱི་བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བའི་བསྒང་།

ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལྟེ་བ་གིས་ གཞུང་གི་ཟད་འགྲོ་ མར་ཕབ་ལུ་ཁེ་ཕན།

༉ བློ་གསར་སློབ་རིམ་ནང་ལས་ མཐར་མ་འཁྱོལ་བར་ལོག་སྟེ་ བལྟ་བཅུགཔ་ད་ གཞུང་ལུ་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ལས་ ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལྟེ་བ་ གཞི་བཙུགས་འབད་མི་དེ་གིས་ ཟད་འགྲོ་ཚུ་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་ལུ་ ཨ་ལུ་གཅེས་སྐྱོང་དང་ ཡར་སྐྱེད་ཀྱི་ བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བའི་སྐབས་ལུ་ ལས་རིམ་འགོ་དཔོན་ ཀརྨ་དགེ་ལེགས་ཀྱིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཁབ་ནང་ ཨ་ལོ་༥༨༧ གྱིས་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལོག་བལྟ་དགོཔ་ ཐོན་ཡོད་མི་དེ་གིས་ གཞུང་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠.༡༧༡ གནས་ནུག་ཟེར་ཨིན་པས།
ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལས་རིམ་དེ་གིས་ དཔེ་ཆ་ལོག་ལྷབ་མ་དགོ་པའི་ ཁེ་ཕན་ཡོདཔ་ལས་ གཞུང་གི་ཟད་འགྲོ་ཚུ་ཡང་ མར་ཕབ་འབད་ཚུགས་ཟེར་ ཁོ་གིས་ བཤད་ཅི།
ཤེས་རིག་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་འབད་བ་ཅིན་ ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལྟེ་བ་དེ་ ཨ་ལོ་ཚུ་ གཞུང་འབྲེལ་ཐོག་ལས་ སློབ་གྲྭ་ནང་ མ་འཛུལ་བའི་ཧེ་མར་ ཁག་ཆེ་ཤོས་ཅིག་ཨིནམ་བཞིན་དུ་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ སྡོད་པའི་སྐབས་ སློབ་སྦྱོང་འབད་མི་དེ་གིས་ སློབ་གྲྭ་ནང་ ལྷོད་པའི་བསྒང་ལས་ དཔེ་ཆ་ལྷབ་ནི་ལུ་ གྲ་སྒྲིག་འགྱོ་ནི་དང་ ཤུལ་ལས་ མཐར་མི་འཁྱོལ་ནི་གི་ ཉེན་ཁ་ཡང་ ཉུང་སུ་འགྱོ་འོང་ཟེར་ཨིན་པས།
དེ་འབདཝ་ལས་ ཨ་ལོ་སྐྱེས་ལོ་༣ ལས་༥ འབད་མི་ཚུ་གི་དོན་ལུ་ སྤུས་ཚད་དང་ལྡན་པའི་ ཨ་ལོ་གཅེས་སྐྱོང་ལྟེ་བ་གཞི་བཙུགས་འབད་ཚུགས་པ་ཅིན་ དེ་གིས་ མ་འོངས་པའི་ བུ་བརྒྱུད་ཚུ་ སྒྲིང་སྒྲི་འགྱོ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ ཤེས་རིག་དྲུང་ཆེན་གྱིས་ བཤད་ཅི།
སྤྱི་ལོ་༢༠༡༥ ལུ་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེད་ཀྱི་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ བཙུགས་ཐོག་ལས་ སློབ་སྦྱོང་འབད་བཅུག་མི་དེ་གིས་ ཁོང་ལུ་ ཕན་སྦོམ་ཐོགས་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
ད་ལྟོ་རྒྱལ་ཁབ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་༣༠༠ དེ་ཅིག་ནང་ ཨ་ལོ་སྐྱེས་ལོ་༣ ལས་༥ འབད་མི་ ཨ་ལོ་༧,༥༠༠ གིས་ ལྟེ་བའི་ ཞབས་ཏོག་ཚུ་ ལེན་དོ་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ གསུངས་མིའི་ནང་ ཨ་ལོ་ཚུ་ གོང་འཕེལ་གཏང་ནིའི་ནང་ ལྟེ་བ་གིས་ ཕན་སྦོམ་ཐོགས་དོ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་ནི་དང་ གོང་འཕེལ་གཏང་ནི་ནང་ ནམ་ར་འབད་རུང་ གྲ་སྒྲིག་ཡོད་ཟེར་ཨིན་པས།
བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨ་ལོ་བརྒྱ་ཆ་༡༨ དེ་ཅིག་གིས་ ལྟེ་བའི་ཞབས་ཏོག་ཚུ་ ལེན་དོ་ཡོདཔ་ད་ ད་ལས་ཕར་འབད་རུང་ ཨ་ལོ་བརྒྱ་ཆ་ལས་བརྒྱ་གིས་ ཞབས་ཏོག་ལེན་ནིའི་དོན་ལུ་ འབད་དགོཔ་ལེ་ཤ་འདུག་ཟེར་ཨིན་པས།
མ་གཞི་ གཞུང་གི་དམིགས་གཏད་ལས་འབད་བ་ཅིན་ སྤྱི་ལོ་༢༠༢༨ ལས་ སྤྱི་འོག་རེ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་རེ་ གཞི་བཙུགས་འབད་ནི་དང་ སྤྱི་ལོ་༢༠༢༤ ལས་ ཨ་ལོ་བརྒྱ་ཆ་༥༠ དེ་ཅིག་གིས་ ཞབས་ཏོག་ཚུ་ ལེན་ཚུགས་པའི་ དམིགས་གཏད་ བསྐྱེད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཡུ་ནི་སེཕ་གི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ ལུང་ཕྱོགས་མདོ་ཆེན་ ཨམ་ཇིན་གའུ་གིས་ བཤད་མི་དང་འཁྲིལཝ་ད་ གཞུང་གིས་ འཆར་གཞི་ཚུ་ སོར་ཞིནམ་ལས་ ཤུལ་མའི་འཆར་གཞི་ནང་ ཨ་ལོ་བརྒྱ་ཆ་ལས་བརྒྱ་གིས་ ཨ་ལོ་གཅེས་སྐྱོང་གི་ ཞབས་ཏོག་ཚུ་ ལེན་ཚུགསཔ་བཟོ་དགོཔ་འདུག་ཟེར་ཨིན་པས།
ལུང་ཕྱོགས་མདོ་ཆེན་གྱིས་ ཨ་ལོ་ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ ཟད་འགྲོ་བཏང་ཚུགས་པ་ཅིན་ ཨ་ལོའི་འཕྲོད་བསྟེན་དང་ ཨ་ལོ་གོང་འཕེལ་གཏང་ནི་ནང་ ཁེ་ཕན་འབྱུང་ནི་ཨིནམ་ལས་ དེ་གིས་ མ་འོངས་པའི་ མི་བརྒྱུད་ཚུ་ སྒྲིང་སྒྲི་བཟོ་བའི་ རྟགས་མཚན་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *