ཤེས་རིག་བློན་པོ་གིས་ གསལ་ཞུ་འབད་བའི་བསྒང་།

ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ ཡར་སེང་འབད་ནིའི་ འཆར་གཞི་ཡོདཔ།

༉ ལོ་ལྔའི་འཆར་གཞི་༡༢ པའི་ནང་ གྲོས་འཆར་བཀོད་མི་ལྟར་དུ་ འགྱོ་བ་ཅིན་ གཞུང་གསར་པའི་ གནས་ཡུན་སྐབས་ སྤྱི་འོག་རེ་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་རེ་ འོང་ནི་ཨིནམ་ད་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ སྤྱི་འོག་༡,༤༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ལས་རིམ་སྐབས་ བྱང་ཐིམ་ཕུག་གི་འཐུས་མི་ ཚེ་རིང་གིས་ ད་རེས་ནངས་པར་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་ མང་ཤོས་ར་ ཁྲོམ་གྱི་ས་ཁོངས་ནང་ཡོདཔ་ལས་ གྲོང་གསེབ་ཚུ་ནང་ གཞི་བཙུགས་འབད་ནི་གི་ འཆར་གཞི་དང་ སྲིད་བྱུས་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ཞུ་ཡི།
ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་༣༠༧ དེ་ཅིག་ཡོདཔ་ལས་ བརྒྱ་ཆ་ལས་བཅད་པ་ཅིན་ ཨ་ལོའི་ཁྱབ་ཚད་ བརྒྱ་ཆ་༢༡ རྐྱངམ་གཅིག་ཨིནམ་ལས་ བློན་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ ཨ་ལོའི་ཁྱབ་ཚད་དེ་ ལོ་༥ འི་ནང་འཁོད་ལུ་ བརྒྱ་ཆ་༥༠ དང་༦༠ དེ་ཅིག་གུ་ བཀལ་ནི་དང་ འཆར་གཞི་༡༢ པའི་ནང་ སྤྱི་འོག་རེ་རེའི་ནང་ ལྟེ་བ་རེ་ བཙུགས་ནི་གི་ འཆར་གཞི་དེ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
འཐུས་མི་ཚེ་རིང་གིས་འབད་བ་ཅིན་ ཨ་ལོ་གཅེས་སྐྱོང་ལྟེ་བ་གིས་ རྒྱལ་ཁབ་མང་ཤོས་ཅིག་ནང་ ཕན་ཐོགས་སྦོམ་བྱུང་པའི་ ལོ་རྒྱུས་ཡོདཔ་བཞིན་དུ་ འབྲུག་ལུ་ཡང་ ཨ་ལོ་ཚུ་ འབྲི་ལྷག་གི་ ཤེས་ཡོན་ནང་ ཉེན་སྲུང་དང་ལྡནམ་སྦེ་བཞག་ཚུགས་མི་ལུ་བརྟེན་ མ་བུ་གཉིས་ཆ་ར་ལུ་ ཕན་ཐོགས་དོ་ཟེར་ཨིན་པས།
དེ་འབདཝ་ད་ ཨ་ལོ་གཅེས་སྐྱོང་ལྟེ་བ་ མང་ཤོས་ར་ ཁྲོམ་སྡེ་ཚུ་ནང་འདུག་ཟེར་ འཐུས་མི་ཚེ་རིང་གིས་ཞུ་ཡི།
ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ ཚན་རིག་དང་འཁྲིལཝ་ད་ ཨ་ལོ་ཚུ་ ཨའི་གི་མངལ་ལས་འགོ་བཙུགས་ ལོ་༨ དང་༩ འི་ནང་འཁོད་ ཁོང་གི་ཀླདཔ་གོང་འཕེལ་འགྱོ་ནིའི་ དུས་ཚོད་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ཡང་ གོང་འཕེལ་གྱི་ ནམ་དུས་ལུ་ ཤེས་ཡོན་གྱི་ གཞི་འགྱམ་བཟུམ་སྦེ་ ལོ་༣ དང་༥ བར་ནའི་ ཨ་ལོ་ཚུ་ ཨ་ལོའི་གཅེས་སྐྱོང་ལྟེ་བ་ཚུ་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
སློབ་དཔོན་ཚུ་གི་ བསམ་ལན་དང་འཁྲིལཝ་ད་ ལྟེ་བ་ནང་ སྡོད་མི་དང་ མ་སྡོད་མི་ སློབ་ཕྲུག་ཚུ་གི་བར་ན་ ཤེས་ཡོན་ལྷབ་སྦྱང་གི་ ཁྱད་པར་སྦོམ་ཡོད་པའི་ཁར་ ཕམ་ཡིག་ཚང་ནང་འགྱོ་མི་དང་ ལ་ལོ་ཅིག་ སོ་ནམ་ཞིང་པ་འབད་རུང་ ཨ་ལོ་བདག་འཛིན་འབད་ནིའི་ནང་ གདོང་ལེན་སྦོམ་འབྱུང་དོ་ཡོདཔ་ལས་ ལྟེ་བ་གིས་ ཨ་ལོ་བདག་འཛིན་འཐབ་འབདཝ་ད་ ཕམ་ཚུ་ལུ་ ཨ་ལོའི་ཚ་གྱང་དང་ སྡུག་བསྔལ་འབག་མ་དགོ་པར་ རང་སོའི་ལཱ་ཚུ་ ཨ་རྟག་ཧར་ལུགས་འབད་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་ཡི།
ད་རུང་ ལྟེ་བ་དེ་ སྤུས་ཚད་དང་ལྡནམ་སྦེ་ དགོ་པའི་ཁར་ ཨ་ལོ་ལེགས་ཤོམ་སྦེ་ བདག་འཛིན་འཐབ་མི་ སློབ་སྟོན་པ་ ལེགས་ཤོམ་དགོཔ་ལས་ ད་ལྟོ་ གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་༦༧༢ ཡོད་མི་ཚུ་གི་ ཟླ་རིམ་དངུལ་ཕོགས་དངུལ་ཀྲམ་༨,༠༠༠ ལྷགཔ་ཅིག་ཡོད་མི་དེ་ ཁོང་གི་འགན་ཁུར་དང་ འདྲ་མཉམ་མེད་པའི་ ངོས་འཛིན་བྱུང་སྟེ་ཡོད་ཟེར་ ཞུ་ཡི།
དེ་འབདཝ་ལས་ སློབ་སྟོན་པ་ཚུ་གི་ བློ་སྤོབས་དང་ བརྩོན་ཤུགས་བསྐྱེད་བཅུག་ནི་ དེ་ལས་ གནས་སྟངས་ལེགས་ཤོམ་བཟོ་ཐབས་ལུ་ སློབ་སྟོན་པའི་ དངུལ་ཕོགས་ཡར་སེང་གི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གསུང་གྲོས་གནང་སྟེ་ གྲ་སྒྲིག་འབད་དེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།
དེ་མ་ཚད་ སློབ་སྟོན་པའི་ ལཱ་གཡོག་དེ་ ད་ལྟོ་ ཁག་འབག་གི་ གནས་ཚད་ནང་ཡོདཔ་ལས་ དགོངས་ཞུ་འབད་བའི་སྐབས་ ཐོབ་ཐངས་ག་ནི་ཡང་མེདཔ་ལས་ དུས་རྒྱུན་གྱི་ ཁག་འབག་ནང་ བཞག་ཐབས་ལུ་ ཞི་གཡོག་ལྷན་ཚོགས་དང་ ཁ་སླབ་སྟེ་ཡོད་ཟེར་ཞུ་ཡི།
གཞུང་གསརཔ་དབུ་བརྙེསཔ་ད་ དངུལ་ཕོགས་ལྷན་ཚོགས་ཀྱིས་ ང་བཅས་ཀྱི་ གྲོས་འཆར་ཚུ་ བསྡུ་སྒྲིག་འབད་དེ་ དེ་ནང་ཚུད་པ་ཅིན་ གནས་སྟངས་ལེགས་ཤོམ་འགྱོ་འོང་མནོ་བའི་ རེ་བ་བསྐྱེདཔ་དང་གཅིག་ཁར་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ཚུ་ལུ་བརྟེན་ མ་འོངས་པར་ ཨ་ལོ་ཚུ་གི་ བརྩི་མཐོང་ཤེས་ཡོན་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *