ཨ་རྟག་དང་མ་འདྲ་བའི་ གནས་སྟངས་ནང་ལྷོད་ཡོདཔ།

༉ ད་རེས་ནངས་པར་ ནད་ཡམས་ཀོ་བིཌ་-༡༩ དེ་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་གྲས་ལས་ དམིགས་བསལ་དུ་ འབྲུག་གི་ཁྱིམ་མཚེས་རྒྱལ་ཁབ་བཅར་ཤོས་ རྒྱ་གར་དང་ བང་ལ་དེཤ་ ནེ་པཱལ་ལུ་ མགྱོགས་དྲགས་སྦེ་ འཕྱེལ་འགྱོ་དོ་ཡོདཔ་ལས་ འབྲུག་མི་ཚུ་ ཨ་རྟག་དང་མ་འདྲ་བའི་ དྲནམ་བཏོན་དགོ་པའི་ དུས་ཚོད་ལུ་ལྷོད་དེ་ཡོད།

ནད་ཡམས་སྤེལ་ཐངས་ཀྱི་ ཁྱད་ཆོས་མ་འདྲཝ་དང་ གོ་རིམ་༢ པ་དང་༣ པ་ཐོན་མི་དེ་གིས་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ཉིན་བསྟར་བཞིན་དུ་ མི་སྟོང་ཕྲག་སྦེ་ ཤི་རྐྱེན་བྱུངམ་མ་ཚད་ སྨན་ཁང་ནང་ ནདཔ་བཞག་ས་ མ་ཐོབ་པའི་ དཀའ་ངལ་དང་ ནད་ཁང་ཡོད་རུང་ སྲོག་རླུང་གིས་ ལང་མ་ཚུགསཔ་ དེ་ལས་ དུར་ཁྲོད་ཚུ་ནང་ཡང་ ཕུངམོ་ཚུ་གིས་གང་སྟེ་ མེ་སྦྱང་འབད་སའི་ ས་གོ་མ་ཐོབ་པའི་ གདོང་ལེན་སྦོམ་སྦེ་བྱུང་སར་ མཐོང་གསལ་བྱུངམ་མས། 

དཔེར་ན་ རྒྱ་གར་ལུ་ ཉིན་བསྟར་བཞིན་དུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་འབུམ་༤ དེ་རེ་ ཐོནམ་མ་ཚད་ མི་༣,༧༠༠ དེ་རེ་ལུ་ ཤི་རྐྱེན་བྱུང་མི་དེ་ འདས་པའི་བདུན་ཕྲག་དག་པ་ཅིག་དང་ཕྱདཔ་ད་ བརྒྱ་ཆ་༦ ཡར་འཕར་སོང་ནུག།

ན་ཧིང་ལས་ ཁ་ཙ་ཚུན་ རྒྱ་གར་ལུ་ ནད་འབུབ་ཐོབ་མིའི་གྱངས་ཁ་ ས་ཡ་༡༩.༩༢༥ ལྷགཔ་ཅིག་ལུ་ ཡར་འཕར་སོང་མི་ལས་༢༡༨,༩༤༨ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ ནུབ་བེང་གཱལ་གྱི་ མངའ་སྡེ་ནང་ ནད་འབུབ་ཐོབ་མིའི་གྱངས་ཁ་༨༦༣,༣༩༣ ལུ་ལྷོད་མི་ལས་༡༡,༥༣༩ ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ཨ་སམ་མངའ་སྡེ་ནང་འབད་བ་ཅིན་ མི་༢༥༨,༩༦༡ ལུ་ ནད་འབུབ་ཐོབ་མི་ལས་༡,༣༦༠ ལུ་ ཤི་རྐྱེན་བྱུང་ནུག།

རྒྱ་གར་བཟུམ་སྦེ་ བང་ལ་དེཤ་དང་ ནེ་པཱལ་ལུ་ཡང་ གནས་སྟངས་སྐྱོ་དྲགས་འགྱོ་དོ་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ མི་ཚུ་ལུ་ དྲན་བསྐུལ་འབདཝ་མ་ཚད་ འཛམ་གླིང་རྒྱལ་ཁབ་ལ་ལོ་ཅིག་གིས་ རྒྱ་གར་ལས་ ཁོང་གི་རྒྱལ་ཁབ་ནང་ ལམ་འགྲུལ་འབད་ནི་ཚུ་ བཀག་དམ་འབད་ནུག།

དེ་ལས་ ནེ་པཱལ་ལུ་ ཉིན་བསྟར་བཞིན་དུ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༧,༠༠༠ ལྷགཔ་རེ་ ཐོན་དོ་ཡོདཔ་ད་ བང་ལ་དེཤ་ལུ་ མི་༡༡,༥༧༩ ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ མི་༧༦༡,༩༤༣ ལུ་ ནད་འབུབ་ཐོབ་ཡོདཔ་ད་ རྒྱལ་ཁབ་གསུམ་ཆ་རའི་ ཁྲོམ་སྡེ་མང་ཤོས་ཅིག་ནང་ འགྲོ་འགྲུལ་བཀག་དམ་འབད་དེ་འདུག།

འབྲུག་འདི་ ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་ ཉེ་འདབས་ལུ་ཡོདཔ་ལས་ ནད་ཡམས་ཀྱི་ ཁྱད་རྣམ་གསརཔ་དེ་ རྒྱལ་ཁབ་ནང་ལྷོད་ནིའི་ ཉེན་ཁ་སྦོམ་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ ད་རེས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལུ་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ ཐོན་ཡོདཔ་ལས་ སེམས་བག་ལྷོད་ཐོག་ སྡོད་ཐབས་རྩ་ལས་མི་མཐོངམ་མས།

དེ་འབདཝ་ལས་ གདུག་ཅན་གྱི་ནད་ཡམས་ ཀོ་རོ་ན་བའེ་རཱསི་དེ་ རྒྱལ་ཁབ་ནང་ ཚད་འཛིན་ཐོག་ བཞག་ནིའི་དོན་ལུ་ གསོ་བའི་སྒྲིག་གཞི་ལུ་ གནས་ཐོག་ལས་ ཕར་ཚུར་འགྱོ་ནི་དང་ འཛོམས་འདུ་རུག་རུ་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ཁར་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ འགྲོ་འགྲུལ་བཀག་དམ་འབད་དགོཔ་དེ་གལ་ཆེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *