བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཨ་མོ་ཆུ་ཟམ།

ཨ་མོ་ཆུ་ཟམ་ ད་རུང་ ཟླཝ་༣ དེ་ཅིག་ཕྱིས་ནི།

༉ ཕུན་ཚོགས་གླིང་ ཨ་མོ་ཆུའི་ཟམ་ བཟོ་སྐྲུན་གྱི་ལཱ་དེ་ ད་རུང་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགས་ནི་ཨིནམ་ད་ ཧེ་མ་ ཟམ་བཟོ་སྐྲུན་འབད་མི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ལཱ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
རིང་ཚད་མི་ཊར་༡༧༥ འབད་མི་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༠༩ ཟླ་༤ པའི་ཚེས་༤ ལུ་ འགོ་བཙུགས་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ལམ་སེལ་ལས་ཁུངས་ཀྱིས་ ཟམ་གྱི་གདུང་ཅིག་ལུ་ དཀའ་ངལ་ཅིག་ བདའ་ཟུན་ནུག།
ཕུན་ཚོགས་གླིང་ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་བཟོ་རིག་གཙོ་འཛིན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཟམ་བཟོ་སྐྲུན་གྱི་ རྩི་སའི་ལཱ་འབད་བའི་སྐབས་ གདུང་དེ་བབས་སོ་ནུག་ཟེར་ཨིན་པས།
ཨིན་རུང་ བཟོ་སྐྲུན་གྱི་ལཱ་དེ་ ད་ལས་ཕར་ ཟླཝ་༣ དང་༤ དེ་ཅིག་གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ ལམ་སེལ་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ བྱ་སྟབས་མ་བདེཝ་ཐོན་མིའི་དོན་ལུ་ ཉམས་བཅོས་ལཱ་ཚུ་ཡང་ འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཟམ་དེ་གིས་ ཕུན་ཚོགས་གླིང་དང་ བསམ་རྩེ་ མཐུད་སྦྲེལ་འབད་བའི་སྐབས་ ས་ཁོངས་གཉིས་ཀྱི་བར་ན་ རྒྱལ་ཁབ་ནང་འཁོད་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིནམ་མ་ཚད་ ཚོང་འབྲེལ་གྱི་ལཱ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་པས།
ད་རེས་ བསམ་རྩེ་རྟ་སྡིངས་ང་དང་ རྡོ་རོ་ཁ་ ལྡན་ཆུ་ཁ་ དེ་ལས་ གདུང་སྟོད་རྒེད་འོག་གི་མི་ཚུ་ ཟམ་ལུ་སྒུག་སྡོད་དོ་ཡོདཔ་ད་ ཁོང་གིས་ སོ་ནམ་ཐོན་སྐྱེད་ཚུ་ ཕུན་ཚོགས་གླིང་ལུ་ བཙོང་ཚུགས་པའི་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
རྒེད་འོག་༤ ལས་ བསམ་རྩེ་ལུ་ རྒྱུན་འགྲུལ་འབད་བའི་སྐབས་ ཆུ་ཚོད་༡ དེ་ཅིག་གི་ ལམ་ཨིན་རུང་ ཕུན་ཚོགས་གླིང་ལུ་ སྐར་མ་༤༠ ལས་བརྒལ་ མི་འགོར་ནི་ཨིན་པས།
རྟ་ལྡིང་རྒཔོ་ ཇ་གཏ་ བྷ་དུར་ག་ལེ་གིས་ སླབ་མིའི་ནང་ བཟོ་སྐྲུན་ལཱ་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་དེ་ ཚ་གྱང་འབག་སྟེ་ ལཱ་མ་འབད་ནི་དེ་གིས་ འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ནམ་རང་འབད་རུང་ ལཱ་ལེགས་ཤོམ་འབད་སར་ མི་མཐོང་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟམ་དེ་གིས་ རྒེད་འོག་༤ ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ལས་ དུས་ཚོད་ཁར་ མཇུག་བསྡུ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཨ་མོ་ཆུ་ཟམ་དེ་ ཧེ་མ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༧༥ སྦེ་ འགོ་བཙུགས་མི་དེ་ ཤུལ་ལས་ དངུལ་ཀྲམ་ས་ཡ་༢༢༥ ལུ་ ཡར་སེང་འབད་ཡོདཔ་མ་ཚད་ དུས་ཡུན་ཡང་ ལོ་ལེ་ཤ་གིས་ ཕར་འགྱངས་འབད་དགོཔ་ ཐོན་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *