ཨ་བརྒྱ་གནས་ཀྱི་ས་གནས།

ཨ་བརྒྱ་གནས་ཀྱི་ས་གནས་ནང་ ཉི་དྲོད་གློག་མེ་ གཞི་བཙུགས་འབད་ནི།

༉ སྤྱི་ལོ་༢༠༢༢ མཇུག་བསྡུ་ཁམས་ལས་ ཨ་བརྒྱ་གནས་ཀྱི་ས་ཁོངས་ནང་ སྡོད་མི་ཚུ་ ཉི་དྲོད་གློག་མེ་ཐོག་ལས་ བཞེས་སྒོ་འབད་ནི་དང་ ཆུ་དྲོད་བཏགས་ནིའི་ཅ་ཆས་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིནམ་མ་ཚད་ གནམ་ནུབ་མོ་ཡང་ ཁྱིམ་ནང་ ཉི་དྲོད་གློག་མེ་ ལག་ལེན་འཐབ་སྟེ་ མི་ཚེའི་གནས་སྟངས་ འགྱུར་བ་འགྱོ་ཚུགས་ནི་ཨིན་པས།

ད་རེས་ མོང་སྒར་རྫོང་ཁག་ ཤེལ་རི་མུ་ཧཱུྂ་རྒེད་འོག་ནང་ཚུད་མི་ ཨ་བརྒྱ་གནས་ནང་ ཁྱིམ་ཐོག་གུ་ ཕར་ཚུར་འབག་བཏུབ་མི་ ཉི་དྲོད་གློག་མེ་བཙུགས་མི་གིས་ ཁྱིམ་ནང་ མེ་བཏེགས་ནི་དང་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ འཕྲུལ་ལྟོ་བསྐྱར་གསོ་འབད་ནི་རྐྱངམ་གཅིག་མ་གཏོགས་ བཞེས་སྒོ་འབད་ནིའི་དོན་ལུ་ ཐབ་ཤིང་ལུ་ར་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།

སླར་འབྱུང་གློག་མེ་ནུས་ལས་ཁུངས་ཀྱིས་ བུ་ཊཱན་ཕོར་ལའིཕི་དང་ འབྲུག་གཞི་ཚོགས་༢ ཀྱི་རྒྱབ་སྐྱོར་ཐོག་ལས་ ཨ་བརྒྱ་གནས་ཀྱི་ས་གནས་ནང་ ཀི་ལོ་ཝཱཊི་༨༠ འབད་མི་ ཉི་དྲོད་གློག་ཤུགས་ གཞི་བཙུགས་འབད་ནི་ཨིན་པས།

ཨ་བརྒྱ་གནས་ནང་ གཞི་བཙུགས་འབད་ནི་ཨིན་མིའི་ ཉི་དྲོད་གློག་ཤུགས་དེ་ རྒྱལ་ཁབ་ནང་ རྐྱང་གནས་ཉི་དྲོད་གློག་ཤུགས་ འགོ་དང་པ་ཨིནམ་ད་ དེ་གིས་ ལྷ་ཁང་དང་ བྱང་ས་ མགྱོན་ཁྱིམ་ གླིང་འཛིན་འགོ་དཔོན་གྱི་ ཁྱིམ་དང་ ཐབ་ཚང་བརྩིས་ཏེ་ ཁྱིམ་གུང་༣༥ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

སླར་འབྱུང་གློག་མེ་ནུས་ཤུགས་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ ཀརྨ་འོད་ཟེར་གྱིས་ སླབ་མིའི་ནང་ ཉི་དྲོད་གློག་ཤུགས་ཀྱི་ཁྱིམ་དེ་ རྐྱང་གནས་སྦེ་ སླབ་དགོ་མི་དེ་ཡང་ གློག་ཤུགས་དེ་ རྒྱལ་ཡོངས་ཀྱི་ གློག་རྒྱུན་དང་མཐུད་སྦྲེལ་མ་འབད་བར་ ཨ་བརྒྱ་གནས་ཀྱི་ མི་སྡེའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་བཏུབ་བཟོ་ནི་དེ་གིས་ ཨིན་ཟེར་ཨིན་པས།

གཡུས་ཚན་དེ་ འབུམ་སྡེ་གླིང་རི་དྭགས་སེམས་ཅན་སྲུང་སྐྱོབ་ས་ཁོངས་ནང་ ཚུད་ནི་དེ་གིས་ ཆུར་བརྟེན་གློག་མེའི་མཐུན་རྐྱེན་ ཐོབ་མ་ཚུགས་པར་ཡོདཔ་ད་ དེ་ཁར་ གློག་ཐག་འཐེན་དགོ་པ་ཅིན་ སྲུང་སྐྱོབ་ས་ཁོངས་ཀྱི་ སྦུག་ལས་འཐེན་དགོ་ནི་ཨིནམ་ལས་ བྱ་སྟབས་མ་བདེཝ་ཡོདཔ་ཨིན་པས།

ཀརྨ་འོད་ཟེར་གྱིས་ སླབ་མིའི་ནང་ ཨ་བརྒྱ་གནས་ཀྱི་ ས་གནས་ནང་ གློག་མེ་བཙུགས་ནིའི་འཆར་གཞི་དེ་ འཆར་གཞི་༡༡ པའི་ནང་ར་ ཚུད་ཡོད་རུང་ ས་ཁྲ་བཟོ་བའི་སྐབས་ རང་བཞིན་གནས་སྟངས་ལུ་ གནོད་པ་ཡོད་པའི་ གསལ་སྟོན་བྱུངམ་ལས་ འཆར་གཞི་༡༢ པའི་ནང་ ཕར་བཤུད་རྐྱབ་བཞག་ཡོདཔ་ཨིན་པས།

ཤེལ་རི་མུ་ཧཱུ་རྒཔོ་ ཨོ་རྒྱན་གྱིས་ སླབ་མིའི་ནང་ ཨ་བརྒྱ་གནས་དེ་ བྱིན་རླབས་ཅན་གྱི་ གནས་ཅིག་འབད་ནི་དེ་གིས་ གནས་སྐོརཔ་ལེ་ཤ་ར་ གནས་མཇལ་བར་འོང་དོ་ཡོདཔ་ལས་ ཁོང་གིས་ གློག་མེའི་མཐུན་རྐྱེན་མེད་པའི་བསྒང་ལས་ ཐབ་ཤིང་མངམ་ལག་ལེན་འཐབ་མས་ཟེར་ཨིནམ་ད་ ལག་འབྱོར་ལྡན་མི་ ལ་ལོ་ཅིག་གིས་ མེ་རླུང་རྒྱ་རྫི་ ལག་ལེན་འཐབ་མས་ཟེར་ཨིན་པས།

ཨ་བརྒྱ་གནས་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༧ དེ་ཅིག་གི་ས་གནས་ཁར་ཆགས་ཡོད་མི་ ས་གནས་ཡ་རབ་ཟེར་ས་ལས་ དུས་ཡུན་ཆུ་ཚོད་༧ རྐང་སྟོང་སྦེ་ ལམ་འགྱོ་དགོཔ་ཨིན་པས།

ཨོ་རྒྱན་གྱིས་ སླབ་མིའི་ནང་ ནད་ཡམས་ཀྱི་ དུས་ཚོད་སྐབས་ ནང་འཁོད་ཀྱི་ གནས་སྐོར་པའི་གྱངས་ཁ་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ རྒེད་འོག་གི་ཐོ་དང་འཁྲིལཝ་ད་ ཉིན་བསྟར་བཞིན་དུ་ གནས་སྐོརཔ་༣༥༠ གི་བརྩིས་ འོང་ནུག་ཟེར་ཨིན་པས།

ཨ་རྟག་གི་ དུས་ཚོད་དང་འཁྲིལ་བ་ཅིན་  ལོ་༡ ནང་གནས་སྐོརཔ་༡,༠༠༠ དེ་རེ་ འོང་དོ་ཡོདཔ་ཨིན་པས།

ཀརྨ་འོད་ཟེར་དང་འཁྲིལཝ་ད་ ཉི་དྲོད་གློག་ཤུགས་དེ་ཡང་ གློག་ཤུགས་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ ས་ཁོངས་༣ ནང་ ཁག་སོ་སོ་སྦེ་ཕྱེ་ཞིནམ་ལས་ གཞི་བཙུགས་འབད་ནི་ཟེར་ཨིན་པས།

སླར་འབྱུང་ནུས་ཤུགས་ལས་ཁུངས་ཀྱིས་ ལས་འགུལ་གྱི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ ངག་དབང་བཟོ་སྐྲུན་ལས་སྡེ་དང་གཅིག་ཁར་ གན་ཡིག་གུ་ མིང་རྟགས་བཀོད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *