ཀེ་བ་འཛུགས་སྐྱོང་འབད་མི་ ལས་སྐྱིད་དབང་ཕྱུག།

ཨ་ཏོ་ལ་སྤྱི་འོག་གི་ མི་སེར་ཚུ་གིས་ ཀེ་བ་རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ།

༉ ཨ་རྟག་དང་མ་འདྲཝ་སྦེ་ ཨ་ཏོ་ལ་སྤྱི་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བའི་འཛུགས་སྐྱོང་ རྒྱ་ཆེ་དྲགས་སྦེ་ བཙུགས་མི་དེ་ཡང་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་ ལྷོད་མི་ལུ་བརྟེན་ཨིན་པས།
འདས་པའི་ལོ་ཚུ་ནང་ གཡུས་ཚན་རེ་གཉིསམ་གིས་ བཟའ་ཚང་ཟ་ནི་ལངམ་ཅིག་གི་དོན་ལུ་ ཀེ་བ་འཛུགས་སྐྱོང་འབད་ཡོདཔ་མ་གཏོགས་ དུས་ཅི་བཟུམ་སྦེ་ ས་ཆ་ཨེ་ཀར་ལས་བཅད་དེ་ འཛུགས་སྐྱོང་འབད་ནི་མེད་པའི་ཁར་ ཀེ་བའི་ལཱ་འབད་ནི་ལུ་ སྤྲོ་བ་ལེན་མི་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
ཐང་རོང་རྒེད་འོག་ནང་ སྤྱི་འོག་༥ འི་གྲས་ལས་ ཨ་ཏོ་ལ་སྤྱི་འོག་དེ་ ལམ་ཐག་རིང་བའི་ཁར་ ས་གནས་ཡང་ མཐའ་ཟུར་ཅིག་འབད་རུང་ ད་ལས་ཕར་ འཁོར་ལམ་མེད་པའི་དཀའ་ངལ་ བསལ་ཚུགས་པའི་རེ་འདོད་འདུག།
མ་གཞི་ རྒེད་འོག་ལས་ ཨ་ཏོ་ལ་སྤྱི་འོག་ཚུན་ སོ་ནམ་ཞིང་ལམ་བསལ་ནིའི་ལས་འགུལ་དེ་ སྤྱི་ལོ་༢༠༡༥ ལུ་ འགོ་བཙུགས་ཡོད་རུང་ དུས་ཅི་ སྤྱི་ཟླ་༢ པའི་ནང་མ་གཏོགས་ སེལ་མ་ཚུགསཔ་མ་ཚད་ ད་རེས་ནངས་པར་ ཐེངས་༢ པའི་དོན་ལུ་ ལམ་སེལ་བའི་བསྒང་ཨིན་པས།
འདས་པའི་ལོ་༢ ཀྱི་ཧེ་མར་ དངུལ་ཐོག་ཀེ་བ་འཛུགས་སྐྱོང་གི་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་རུང་ དུས་ཅི་བཟུམ་ རྒྱ་ཆེ་དྲགས་སྦེ་ མ་འབད་མི་དེ་ཡང་ ཞིང་ལམ་གྱི་དོན་ལུ་ མོ་བཏབ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ ཡོདཔ་ཨིན་པས།
ཨ་ཏོ་ལ་གཡུས་ཚན་ལས་ སྤྱི་དཔོན་ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་མོ་བཏབ་ཀྱི་ལས་རིམ་བཟུམ་སྦེ་ འཛུགས་སྐྱོང་འབདཝ་བཞིན་དུ་ ཐོན་སྐྱེད་དེ་ཡང་ རེ་བ་ལས་ལྷག་སྟེ་ཐོན་རུང་ ཚོང་འབྲེལ་འཐབ་སའི་ ས་གོ་མེདཔ་ལས་ ཀེ་བའི་ཐོན་སྐྱེད་བརྒྱ་ཆ་༧༠ ལྷགཔ་ཅིག་ རུལ་སོ་ཡི་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ ཐོན་སྐྱེད་ལེགས་ཤོམ་ཡོདཔ་ལས་ དུས་ཅི་ ས་ཞིང་ཨེ་ཀར་༡ ནང་ ཀེ་བ་སོན་ ཀེ་ཇི་༡༠༠ ལྷགཔ་ཅིག་འཛུགས་སྐྱོང་འབད་ཡོདཔ་ལས་ ཐོན་ཤུགས་ལེགས་ཤོམ་་ཡོད་མི་དེ་ དུས་ཚོད་ཁར་ ཚོང་འབྲེལ་འཐབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ ལས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ ཞིང་ལམ་གྱི་མཐུན་རྐྱེན་གནང་མི་དེ་ མི་སེར་ཚུ་ རང་མགོ་རང་འདྲོངས་བཟོ་ནི་དེ་ཨིནམ་ལས་ འགོ་དང་པ་ ས་ ཞིང་ཨེ་ཀར་༡ ནང་ ཀེ་བ་འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།
ཨ་ལོ་༥ འི་ ཨའི་ཨིན་མི་ དཔལ་སྐྱིད་ཀྱིས་ དུས་ཅི་ ས་ཞིང་གླང་དོ་ཕྱེད་དང་༣ དེ་ཅིག་ནང་ ཀེ་བ་འཛུགས་སྐྱོང་འབད་མི་དེ་ འདས་པའི་ལོ་ཚུ་ནང་ ཁ་སྟོད་ལུ་ཡོད་པའི་ སོ་ནམ་པ་ཚུ་གིས་ ཀེ་བ་འཛུགས་སྐྱོང་འབདཝ་ད་ ཐོན་སྐྱེད་ལེགས་ཤོམ་ཡོདཔ་ལས་ བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དཔལ་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ དངུལ་ཐོག་འོང་འབབ་ཀྱི་ལཱ་ལུ་ སྤྲོ་བ་དང་ དང་འདོད་མ་བསྐྱེད་མི་དེ་ཡང་ ས་གནས་མཐའ་ཟུར་ཨིན་པའི་ཁར་ ད་རེས་བཟུམ་སྦེ་ སོ་ནམ་ཞིང་ལམ་མེདཔ་ལས་ མི་སེར་ཚུ་ བཟའ་འཐུང་མཁོ་སྒྲུབ་ཀྱི་དོན་ལུ་ ཉིནམ་༡ གི་རིང་ རྒེད་འོག་ལྟེ་བ་ཚུན་ རྐང་སྟོང་སྦེ་ འགྱོ་དགོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སྣུམ་འཁོར་བོ་ལི་རོ་དང་ ཚོང་ཉོ་བར་འོང་མི་ཚུ་ ཡར་སེང་འགྱོ་མི་དང་ གཡུས་ཁ་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ཡང་བཙོང་སྟེ་ འོང་འབབ་བཟོ་ཚུགས་ནི་དེ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཤུགས་བཏོན་ཏེ་ཡོད་ཟེར་ སྤྱི་འོག་ཚོགས་པ་ ཨྱོན་དབང་ཕྱུག་གིས་ སླབ་ཨིན་པས།
རྒེད་འོག་རྒཔོ་ བཅོ་ལྔ་གིས་ སླབ་མིའི་ནང་ ཐང་རོང་རྒེད་འོག་དེ་ རྫོང་ཁག་ནང་ རྒེད་འོག་༡༧ གྱི་གྲས་ལས་ མཐའ་ཟུར་ཅིག་ནང་ཆགས་ཡོདཔ་མ་ཚད་ དངུལ་ཐོག་འོང་འབབ་བཟོ་ནིའི་ ས་གོ་མེད་པར་ འཚོ་བ་གཙོ་བོ་གེ་ཟ་ལུ་བརྟེན་ སྡོད་དོ་ཟེར་ཨིན་པས།
དེ་འབདཝ་ལས་ ལོ་བསྟར་བཞིན་དུ་ ཕོ་སྐྱེས་ཚུ་ འོང་འབབ་བཟོ་ནིའི་དོན་ལུ་ རྫོང་ཁག་གཞན་ཚུ་ནང་ ལཱ་འབད་བར་འགྱོ་སྲོལ་ཡོད་མི་དེ་ ད་རེས་ སོ་ནམ་ཞིང་ལམ་ལུ་བརྟེན་ བསྒྱུར་བཅོས་འགྱོ་ཚུགས་པའི་དམིགས་གཏད་བསྐྱེད་དོ་ཡོད་པའི་གནས་ཚུལ།

ཨ་ཏོ་ལ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *