ཧེ་རུ་ཀ་སྲུང་རྒྱབ་ལས་སྡེའི་ ཇོ་བདག་གིས་ ཉེས་བྱ་བཀལ་ནིའི་ གྲོས་ཐག་བཅད་མི་ལུ་ ཤེས་རྟོགས་མེདཔ།

༉ ཧེ་རུ་ཀ་སྲུང་རྒྱབ་ལས་སྡེའི་ ཇོ་བདག་དང་འཁྲིལཝ་ད་ པདྨ་དགའ་ཚལ་ངང་ལམ་ལུ་ རང་སྲུང་ས་ཁོངས་ཀྱི་ སྒྲིག་གཞི་ལས་འགལ་མི་དེ་ལུ་ ཀོ་བིཌ་-༡༩ མཉམ་འབྲེལ་ལས་བྱེད་ཚོགས་ཆུང་གིས་ ཉེས་བྱ་དངུལ་ཀྲམ་ས་ཡ་༥ བཀལ་ནི་སྦེ་ གྲོས་ཐག་བཅད་མིའི་སྐོར་ལས་ ཤེས་རྟོགས་མ་འབྱུང་ཟེར་ཨིན་པས།

ཧེ་རུ་ཀ་སྲུང་རྒྱབ་ལས་སྡེའི་ སྲུང་རྒྱབ་ཚུ་ ལོ་༣ གྱི་དོན་ལུ་ ངང་ལམ་གདུང་བསམ་རྩི་ས་ལས་འཛིན་ནང་ སྲུང་རྒྱབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

ཇོ་བདག་པདྨ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ ག་གིས་ཡང་ ཁོ་གི་ སྲུང་རྒྱབ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་སྐོར་ མ་སླབ་ཟེར་ཨིནམ་ད་ ཁོ་གི་ སྲུང་རྒྱབ་ཅིག་གིས་ སླབ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གདུང་བསམ་རྩི་ས་ལས་འཛིན་ལུ་ སི་སི་ཊི་བི་པར་ཆས་ནང་ སྒྲ་བཟུང་འབད་མི་ གློག་བརྙན་དེ་ གནང་ཟེར་ག་དེམ་ཅིག་སླབ་རུང་ བྱིན་མ་བཏུབ་ཟེར་ཨིནམ་ད་ མ་གཞི་ལས་འཛིན་གྱིས་ ཁོ་ལུ་ བྱིན་དགོཔ་ཅིག་ཨིན་རུང་ བརྡ་བརྒྱུད་ཚུ་ལུ་ བྱིན་མི་དེ་ ག་དེ་སྦེ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་བྱེད་ཚོགས་ཆུང་གིས་ རང་སྲུང་ས་ཁོངས་ཀྱི་ སྒྲིག་གཞི་ལས་ འགལ་མི་ལུ་ ཉེས་བྱ་དངུལ་ཀྲམ་ས་ཡ་༥ བཀལ་ནིའི་ གྲོས་ཐག་བཅད་མིའི་སྐོར་ བརྡ་བརྒྱུད་ཚུ་ལས་གོཝ་ད་ རྣམ་རྟོག་ལང་ཡི་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་མི་དེ ཁོ་གི་ སྲུང་རྒྱབ་པ་ལུ་བརྟེན་ཨིན་ཟེར་ ག་དེ་སྦེ་ སླབ་ཚུགསཔ་སྨོ་ཟེར་ཨིན་པས།

ཁོ་གི་ སྲུང་རྒྱབ་དང་གཅིག་ཁར་ དོས་བཀལ་མི་ཅིག་ཡང་ ཀོ་བིཌ་-༡༩ ཐོབ་ཡོདཔ་བཞིན་དུ་ ནད་འབུབ་དེ་ དོས་བཀལ་མི་དེ་ལས་ཡང་ ཁྱབ་སྤེལ་འགྱོ་སྲིད་འོང་ཟེར་ཨིནམ་ད་ སི་སི་ཊི་བི་ནང་ སྒྲ་བཟུང་འབད་མི་དེ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཀོ་བིཌ་-༡༩ ཐོབ་མི་ སྲུང་རྒྱབ་པ་མེན་པར་ སྲུང་རྒྱབ་པ་སོ་སོ་ཅིག་ ཨིན་མས་ཟེར་ པདྨ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གདུང་བསམ་རྩི་ས་ལས་འཛིན་ལས་ སྲུང་རྒྱབ་ཞབས་ཏོག་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལས་ དགོངས་ཕོག་གཏང་ནིའི་ ཡི་གུ་ཅིག་ ཐོབ་ཅི་ཟེར་ཨིནམ་ད་ དགོངས་ཕོག་གཏང་ནིའི་ ཡི་གུ་བྱིན་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལས་འཛིན་དང་ ལས་བྱེད་ཚོགས་ཆུང་༢ ཀྱིས་ ནད་འབུབ་དེ་ ཁོ་གི་ སྲུང་རྒྱབ་པ་ལུ་བརྟེན་ ག་དེ་སྦེ་ ཁྱབ་སྤེལ་འགྱོ་ཡི་ག་དང་ སྒྲིག་གཞི་ལས་ ག་དེ་སྦེ་ འགལ་ཡོདཔ་ཨིན་ན་ ཁུངས་བཀལ་དགོ་ཟེར་ཨིནམ་ད་ ཁོ་གིས་ ཁྲིམས་འདུན་ལས་ རྒྱབ་སྐྱོར་འབད་ནི་ལས་ ཐབས་གཞན་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོ་གི་ སྲུང་རྒྱབ་པ་དེ་ སྤྱི་ཟླ་༦ པའི་ཚེས་༡ ལུ་ སྒྲིག་གཡོག་ནང་ འཛུལ་བའི་སྐབས་ ནད་རྟགས་མེདཔ་སྦེ་ཐོནམ་ལས་ ད་རེས་ ཀོ་བིཌ་-༡༩ ག་དེ་སྦེ་ ཐོབ་ཅི་ཟེར་ཨིནམ་ད་ ནད་འབུབ་དེ་ རྒྱ་གར་གྱི་ དེད་གཡོགཔ་ཚུ་ལས་ ཁྱབ་སྤེལ་སོང་ཡོད་པའི་ ཉེན་ཁ་ཡོདཔ་ལས་ ལས་འཛིན་གྱིས་ རྒྱ་གར་གྱི་ དེད་གཡོགཔ་ཚུ་ བརྟག་དཔྱད་མ་འབད་བར་ ག་དེ་སྦེ་ ནང་ན་འཛུལ་བཅུག་དོ་ག་ཟེར་ཨིན་པས།

གདོང་གཟང་སྟེ་ ལཱ་འབད་མི་མང་ཤོས་ཅིག་གིས་ སྒྲིག་གཞི་ཚུ་ལས་འགལ་རུང་ ཉེས་བྱ་དེ་ཅིག་ བཀལ་ས་མ་མཐོང་ཟེར་ཨིནམ་ད་ ཁོ་ལུ་ གནད་དོན་ག་ཅི་ལུ་བརྟེན་ ཉེས་བྱ་དེ་ཅིག་ བཀལ་དགོཔ་ཨིན་ན་ ཧ་མ་གོཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ད་རུང་ གནད་དོན་དེ་ལུ་ ཞིབ་དཔྱད་གནང་ཐོག་ ཉེས་བྱ་དེ་ དགོངས་ཡང་གནང་ཐབས་ ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ པདྨ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

ཤར་ཕྱོག་ལུང་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ དྲགོས་པདྨ་ཚེ་དབང་གིས་ སླབ་མིའི་ནང་ སི་སི་ཊི་བི་པར་ཆས་ནང་ སྒྲ་བཟུང་འབད་མི་ གློག་བརྙན་དེ་ ལྟ་ཞིབ་འབད་བའི་སྐབས་ སྲུང་རྒྱབ་དེ་གིས་ སྤྱི་ཟླ་༦ པའི་ཚེས་༡༢ དང་༡༤ ལུ་ རྒྱ་གར་གྱི་ སྣུམ་འཁོར་ཚུ་བཞག་སའི་ རང་སྲུང་ས་ཁོངས་ནང་འཛུལ་ཏེ་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོང་གི་ ཚ་གྱང་ངོ་མ་ར་ སྒྲིག་གཞི་ལས་ འགལ་མི་དེ་ཨིནམ་ལས་ ཀོ་བིཌ་-༡༩ བརྟག་དཔྱད་འབད་ནིའི་ ཅ་ཆས་དང་ དཔེ་ཚད་ཚུ་ མོང་སྒར་ལུ་ བསྐྱལ་ནིའི་དོན་ལས་ སྣུམ་འཁོར་མར་ཁུ་ དེ་ལས་ ཟུར་བཞག་དང་ ཀོ་བིཌ་-༡༩ དང་འབྲེལ་བའི་ ཞབས་ཏོག་ལ་སོགས་པའི་ ཟད་འགྲོ་ཚུ་ རྩིས་རྐྱབ་ཐོག་ དངུལ་ཀྲམ་ས་ཡ་༥ ཉེས་བྱ་བཀལ་ནིའི་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།

དྲགོས་ཀྱིས་ སླབ་མིའི་ནང་ སྲུང་རྒྱབ་དེ་གིས་ རང་སྲུང་ས་ཁོངས་ཀྱི་ སྒྲིག་གཞི་འགལ་ཡོདཔ་ ངེས་བདེན་ཨིན་མས་ཟེར་ གདུང་བསམ་རྩི་ས་ལས་འཛིན་ལུ་ སླབ་ཅི་ཟེར་ཨིན་རུང་ སྲུང་རྒྱབ་ཞབས་ཏོག་དེ་ འཕྲོ་མཐུད་བཞག་ནི་དང་ ཡང་ཅིན་ དགོངས་ཕོག་གཏང་ནི་ཨིན་ན་དེ་ ལས་འཛིན་ལུ་ རག་ལས་འོང་ཟེར་ཨིནམ་བཞིན་དུ་ སྒྲིག་གཞི་ལས་ འགལ་མི་ཚུ་ དགོངས་ཡང་རྩ་ལས་ མེད་ཟེར་ཨིན་པས།

ཁོ་གིས་ ལས་འཛིན་ལུ་ འབྲུག་དང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གི་དོན་ལུ་ རང་སྲུང་ས་ཁོངས་སོ་སོར་སྦེ་ཡོདཔ་ལས་ ཧེ་མ་ལས་ སྲུང་རྒྱབ་ཚུ་ དམ་དམ་འབད་དོ་ཡོད་རུང་ སི་སི་ཊ་བི་ཁ་སྐོང་བཙུགས་ཐོག་ ལྟ་རྟོག་འགོ་དཔོན་དང་གཅིག་ཁར་ ལྟ་རྟོག་ཁང་ལ་སོགས་པ་ཚུ་ གཞི་བཙུགས་འབད་དགོཔ་སྦེ་ ལས་བྱེད་ཚོགས་ཆུང་གིས་ སླབ་ཅི་ཟེར་ བཤདཔ་ཨིན་པས།

གདུང་བསམ་རྩི་ས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཧེ་རུ་ཀ་སྲུང་རྒྱབ་ཞབས་ཏོག་གིས་ ལས་འཛིན་ལུ་དགོ་པའི་ སྲུང་རྒྱབ་པ་༣༤ བསྐོ་བཞག་འབད་མ་ཚུགས་པའི་ཁར་ སྦྱོང་བརྡར་འབད་མི་དང་ ཁྱད་རིག་ལྡན་པའི་སྲུང་རྒྱབ་ཚུ་ མེད་མི་ལུ་བརྟེན་ དགོངས་ཕོག་གི་ ཡི་གུ་བྱིན་ཡི་ཟེར་ཨིནམ་ད་ ད་རེས་ སྲུང་རྒྱབ་སྦེ་ བདེ་སྲུངཔ་ཚུ་བཙུགས་ཏེ་ ཡོད་ཟེར་ཨིན་པས།

ཁོ་གིས་ ཉེན་ཁ་ཡོད་པའི་ ས་ཁོངས་ག་རའི་ནང་ སི་སི་ཊི་བི་ཚུ་ བཙུགས་ཡོདཔ་བཞིན་དུ་ ལྟ་རྟོག་ཁང་ཡང་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ ལས་འཛིན་གྱིས་ འཕྲལ་མགྱོགས་ར་ ཉོ་ཞིནམ་ལས་ སི་སི་ཊི་བི་ཁ་སྐོང་ཚུ་ཡང་ བཙུགས་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ། 

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *