ཧུམ་འཕུར་རྐྱབ་ཁང་༢ དང་ ཟ་ཁང་༡ གི་ ཆོག་ཐམ་ཆ་མེད་བཏང་ཡོདཔ།

༉ འདས་པའི་ལོའི་ སྤྱི་ཟླ་༡༠ པའི་ནང་ ཕུན་ཚོགས་གླིང་ལུ་ གཞང་བཙོངམ་དང་འབྲེལ་བའི་ གནད་དོན་ཐོན་མི་ལུ་བརྟེན་ ཚོང་འབྲེལ་ཡིག་ཚང་གིས་ ཧུམ་འཕུར་རྐྱབ་ཁང་༢ དང་ ཟ་ཁང་༡ གི་ ཆོག་ཐམ་ཆ་མེད་བཏང་ཡོདཔ་ཨིན་པས།
ཆོག་ཐམ་ཆ་མེད་ཀྱི་ གསལ་བསྒྲགས་དེ་ཡང་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ འབད་ཡོདཔ་བཞིན་དུ་ གི་རིན་བེ་ལི་ཟ་ཁང་དང་ ལྷ་ཟས་བཟོ་བཟོ་ཁང་ དེ་ལས་ སཱན་ཤ་ཡེན་བཟོ་བཟོ་ཁང་ཚུ་ འདས་པའི་བདུན་ཕྲག་ནང་ལས་ སྒོ་བསྡམས་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བྱུང་རྐྱེན་ཁག་༢ ནང་ ཚོང་འབྲེལ་ལས་ཁང་དེ་༣ ནང་ གཞང་བཙོངམ་གི་ གནད་དོན་ནང་ འབྲེལ་གཏོགས་འབད་མི་ འབྲུག་མི་མེན་མི་༡༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེའི་ བཀོད་ཁྱབ་འགོ་དཔོན་ ལིང་དཔོན་ཨྱོན་ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ག་ར་ ཉེས་འཛུགས་འབད་ཡི་ཟེར་ཨིནམ་ད་ ནེ་པཱལ་ལས་ཨིན་མི་ ཨམ་སྲུ་ཅིག་དང་ ས་མཚམས་ཕྱི་ཁར་ལས་ ཨམ་སྲུ་ཅིག་ ད་ལྟོ་ཡང་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་ གཞན་མི་ཚུ་གིས་ ཁྲིམས་འཐུས་བཏབ་ཡོདཔ་ལས་ དོ་དམ་འོག་ལས་ བཏང་ཡི་ཟེར་ཨིནམ་ད་ དུས་ཅི་གི་ལོ་ནང་ གཞང་བཙོངམ་དང་འབྲེལ་བའི་ གནད་དོན་ཚུ་གི་ སྙན་ཞུ་མེད་ཟེར་ཨིན་པས།
འདས་པའི་ལོ་ནང་ གཞང་བཙོངམ་དང་འབྲེལ་བའི་ གནད་དོན་ཚུ་ ཐོན་མི་ལུ་བརྟེན་ ཕུན་ཚོགས་གླིང་གི་ ཚོང་འབྲེལ་ཡིག་ཚང་གིས་ཡང་ ཧུམ་འཕུར་གྱི་ ཞབས་ཏོག་བྱིན་མི་ བཟོ་བཟོ་ཁང་ཚུ་ སྒོ་བསྡམས་ཐོག་ལས་ ཧུམ་འཕུར་རྐྱབ་མ་ཆོག་པའི་ ཡི་གུ་བཏང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ དཔལམོ་བུ་དར་གྱིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ལུ་ཡང་ བཟོ་བཟོ་ཁང་གི་ ཇོ་བདག་ཚུ་ལུ་ ལས་ཁང་སྒོ་བསྡམ་ཐོག་ལས་ ཧུམ་འཕུར་རྐྱབ་མ་ཆོག་པའི་སྐོར་ལས་ སླབ་ཅི་ཟེར་ཨིནམ་ད་ དུས་ཅི་གི་ ཞིབ་དཔྱད་དེ་ སྤྱི་ཟླ་༧ པའི་ནང་ འབད་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ བཟོ་བཟོ་ཁང་དང་ ཧུམ་འཕུར་གྱི་ཞབས་ཏོག་བྱིན་མི་༥༠ ལྷགཔ་ཅིག་ཡོདཔ་ད་ ཧུམ་འཕུར་རྐྱབ་མི་ཚུ་ མང་ཤོས་ར་ ས་མཚམས་ཕྱི་ཁར་ལས་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *