ཀུན་བཟང་མཚོ་མོ་གིས་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ཧུམ་ཅུང་རྩྭའི་མར་ཁུ་ ཐོན་སྐྱེན་འབད་ནི་ བར་སྐབས་ཅིག་མར་བབས་སོང་རུང་ དུས་ཅི་ལས་ ལོག་ཡར་སེང་སོང་ཡོདཔ།

༉ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནི་དེ་ ལཱ་ཁག་དྲགས་ཅིག་ཨིནམ་ལས་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་འབད་དོ་ཡོད་རུང་ མོང་སྒར་ ལྕགས་སི་མཁར་རྒེད་འོག་ སྤམ་གཡུས་ཚན་ལས་ སྐྱེས་ལོ་༣༧ ལང་མི་ ཀུན་བཟང་མཚོ་མོ་བཟུམ་ཅིག་འབད་བ་ཅིན་ མོ་ར་གིས་ར་ འབད་དོ་ཡོདཔ་ཨིན་པས།
མོ་གིས་ མོང་སྒར་དང་ བཀྲིས་སྒང་གཞུང་ལམ་ཁར་ ས་གནས་པ་ཧ་གྲང་ཟེར་སར་ གྱིབ་ཤོག་ཧོནམོ་བཀབ་སྟེ་ ཤིང་གི་ཀཝ་ཆུང་ཀུ་༤ བརྡབས་ཞིནམ་ལས་བཟོ་མི་ གུར་དེ་ནང་ སྐྱེས་ལོ་༣ དེ་ཅིག་ལང་མི་ མོ་རའི་ཨ་ལོ་དེ་ ཉལ་བཅུག་ཞིནམ་ལས་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་དོ་ཡོདཔ་ཨིན་པས།
ས་ཁོངས་དེ་ ཉིན་མ་ ཚ་དྲོད་ཡོད་རུང་ གོ་ལ་སྲབ་ཁྲོས་ཁྲོས་ཅིག་གྱོན་ཞིནམ་ལས་ ཐབ་ནང་ སྟོང་ཕུ་ཤིང་ཚུ་བཙུགས་ཏེ་ མེ་འཕུ་ཞིནམ་ལས་ འགྲོས་ཀྱིས་སྦེ་ མར་ཁུ་བཙིར་སའི་ཧོད་ནང་ འོག་ཆུ་ཟེར་ རྫམ་སྟོངམ་ནང་ ཆུ་དུམ་གྲ་ཅིག་བླུགས་དོ་ཡོདཔ་ད་ དུས་ཡུན་སྐར་མ་དག་པ་ཅིག་གི་རྒྱབ་ལས་ ཧུམ་ཅུང་རྩྭ་ཚུ་ ནང་ན་བཙུགས་དོ་ཡོདཔ་ཨིན་པས།
མོ་་གིས་ སླབ་མིའི་ནང་ འོག་ཆུ་དེ་ ཏིང་ཚད་ཕུཊ་༡ དེ་ཅིག་བླུགས་དགོཔ་མ་ཚད་ དྲོད་ཤུགས་སྦེ་ བཏགས་བཅུག་ནི་ མི་འོང་ཟེར་ཨིནམ་ད་ གལ་སྲིད་ དྲག་སོང་རུང་ མར་ཁུའི་འབོར་ཚད་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
མོ་གིས་ འོག་ཆུ་འཇལ་ནིའི་དོན་ལུ་ ཤིང་དུམ་གྱིས་བཟོ་མི་ ཚད་གཞི་དང་འཁྲིལ་ བླུགས་དོ་ཡོདཔ་ད་ དུས་ཡུན་ཆུ་ཚོད་༢ དང་༣ གྱི་རྒྱབ་ལས་ མར་ཁུ་ལི་ཊར་༡ ལྷགཔ་ཅིག་ ཐོབ་དོ་ཡོདཔ་ཨིན་པས།
མོ་ལུ་ ཞག་ཉལ་ནིའི་དུས་ཚོད་གངམ་མེདཔ་ད་ ཞག་༡ ནང་ ཧུམ་ཅུང་རྩྭའི་ཧོད་༥ དེ་ཅིག་ མཇུག་བསྡུ་ནིའི་དོན་ལུ་ མཐོ་ཤོས་དུས་ཡུན་ཆུ་ཚོད་༢ དང་༣ ལས་བརྒལ་ མི་ཉལ་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ནུབ་མོའི་ཆུ་ཚོད་༡༢ ལུ་ཉལ་བ་ཅིན་ དྲོ་པའི་ཆུ་ཚོད་༢ དང་༣ གྱི་ནང་འཁོད་ལུ་ ལོང་ཞིནམ་ལས་ ད་རུང་ གསརཔ་བཙུགས་ནིའི་ གྲ་སྒྲིག་འབད་དགོ་ཟེར་ཨིན་པས།
ཧུམ་ཅུང་རྩྭ་ཚུ་ སྦོ་ལོགས་ཁར་མེདཔ་ལས་ དགྲ་མེད་རྩེ་རྒེད་འོག་ལས་ གྲོང་སྡེ་ནགས་ཚལ་ལུ་ ལོ་རེ་ནང་ འཐུས་དངུལ་ཀྲམ་༥༠༠༠ རེ་སྤྲོད་དེ་ འབག་འོང་དགོ་ཟེར་ཨིན་པས།
རྩྭ་བསྐྱལ་ནི་ཡང་ ཧེ་མ་བཟུམ་སྦེ་ སྒལ་ཏོ་ཁར་བསྐྱལ་ཏེ་ འབག་ནི་མེན་པར་ སྣུམ་འཁོར་ཌི་སི་ཨེམ་ཊཱག་༡ གླ་ཁར་ལེན་ཏེ་ བསྐྱལ་དགོཔ་ད་ ཉིནམ་༡ ནང་ དོ་༡ ལས་ལྷག་སྟེ་ མི་ལྷོད་དོ་ཡོདཔ་ད་ ཊཱག་དོ་རེ་ལུ་ གླ་ཆ་དངུལ་ཀྲམ་༣,༠༠༠ དེ་ཅིག་ སྤྲོད་དོ་ཡོད་པའི་ཁར་ ཉིན་བསྟར་བཞིན་དུ་ གླ་ཆ་དངུལ་ཀྲམ་༥༠༠ རེ་སྤྲོད་དེ་ རྩྭ་བཏོགས་མི གཡུས་ཁ་ལས་ ཨམ་སྲུ་༡༥ དེ་ཅིག་ བཙུགས་ཡོདཔ་ཨིན་པས།
མོ་གིས་ ལཱ་འབད་དེ་ ཟླཝ་༣ དེ་ཅིག་གི་ནང་འཁོད་ལུ་ མར་ཁུ་ལི་ཊར་༧༠ དེ་ཅིག་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༤༠༠ རེ་སྦེ་ བའི་ཨོ་བུ་ཊཱན་ལུ་བཙོང་ཡོདཔ་ད་ ད་རུང་ ལི་ཊར་༥༠ དེ་ཅིག་ གཞུང་ལམ་བདའ་སྟེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༢༠༠༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
རྨགཔ་དང་ཡ་བྲལ་སོང་མི་ ཨ་ལོ་༤ གི་ཨའི་ ཀུན་བཟང་མཚོ་མོ་གིས་ སླབ་མིའི་ནང་ མ་གཞི་ལཱ་དེ་ ལཱ་ཁག་ཡོད་རུང་ ཁྱིམ་ནང་ ཆང་བཙོ་དོ་བཟུམ་ཅིག་ཨིན་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ གཡུས་ཁའི་ཨམ་སྲུ་ཚུ་གི་གྲས་ལས་ མོ་ར་ སྟོབས་ཤུགས་ཡོད་མི་ཅིག་ཨིནམ་ལས་ ཕོ་སྐྱེས་ཚུ་དང་གཅིག་ཁར་ འདྲན་འདྲ་སྦེ་ ལཱ་འབད་ཚུགས་མི་ཅིག་ཨིན་ཟེར་ ཨིན་པས།
དེ་མ་ཚད་ ཧུམ་ཅུང་རྩྭའི་མར་ཁུ་དེ་ ལཱ་གཞན་དང་ཕྱདཔ་ད་ འོང་འབབ་ཆེ་ནི་དེ་གིས་ ལཱ་དེ་ལུ་ ལོ་ངོ་༦ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོད་རུང་ དུས་ཅི་ལས་བརྒལ་ ཐོན་སྐྱེད་འབོར་ཆེ་དྲགས་སྦེ་ འབད་མ་ཚུགས་ཟེར་ཨིན་པས།
ཀུན་བཟང་བཟུམ་སྦེ་ མར་ཁུའི་གོང་ཚད་ཡར་སེང་སོང་ནི་དེ་གིས་ བཀྲིས་སྒང་དང་ མོང་སྒར་གཞུང་ལམ་བདའ་སྟེ་ ཧུམ་ཅུང་རྩྭའི་ མར་ཁུ་གི་ལཱ་འབད་མི་ གཞན་ཡང་ཡོདཔ་ད་ དེ་ཚུའི་གྲས་ལས་ གཅིག་ བཀྲིས་སྒང་ཨུ་མཛོ་རོང་ལས་ སྐྱེས་ལོ་༥༨ ལང་མི་ པདྨ་ཨིན་པས།
པདྨ་གིས་ འདས་པའི་ལོ་༡༧ དེ་ཅིག་ལས་ར་ བཀྲིས་སྒང་དང་ མོང་སྒར་གྱི་ ས་མཚམས་ཁར་ ས་གནས་རོ་ལོང་ལུ་ མར་ཁུ་བཙིར་ས་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་རའི་མགུ་ཏོ་ཁར་ སྐྱ་དཀརཔོ་སྐྱེས་མི་ལུ་ལྟ་སྟེ་ མི་ཚུ་གིས་ ལཱ་དེ་བཀོག་བཞག་ཟེར་སླབ་དོ་ཡོད་རུང་ ད་རེས་ གོང་ཚད་ཡར་སེང་སོང་ནི་དེ་གིས་ ཧེ་མ་ ལཱ་འབད་དོ་ཟེར་ཨིན་པས།
ཁོ་གི་འོག་ལུ་ རྩྭ་བཏོགས་མི་ དགྲ་མེད་རྩེ་རྒེད་འོག་ལས་ ཨམ་སྲུ་༢ ཡོདཔ་ད་ ཁོ་རའི་ བུ་གི་ཨིན་མི་ སྣུམ་འཁོར་བོ་ལེ་རོ་ནང་ བཀྲ་ཤིས་སྒང་བལྟ་སྟེ་ རླུང་ཟོར་བཙོན་ཁང་ལྟག་ལས་དང་ མོང་སྒར་བལྟ་སྟེ་ དགྲ་མེད་འགྱོ་སའི་ལམ་རྒྱ་གྲམ་གྱི་ སྦོ་ལོགས་ཁར་ལས་ རྩྭ་ཚུ་འདེགས་འབག་འོང་དོ་ཡོདཔ་ ཨིན་པས།
ཁོ་གིས་ ཟླཝ་ལྷགཔ་ཅིག་གི་ནང་འཁོད་ལ་ མར་ཁུ་ལི་ཊར་༡༠༠ དེ་ཅིག་ བའི་བོ་བུ་ཊཱན་ལུ་ བཙོང་ཡོདཔ་ཨིན་པས།
པདྨ་གིས་ དུས་ཅི་ལས་ ལོག་འགོ་བཙུགས་མི་ མཉམ་ལས་ཚོགས་པའི་འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ ཁེ་ཕན་བཟོ་ཚུགས་དོ་ཡོད་རུང་ མི་ཚུ་གིས་ ཁ་བཏང་མི་ལུ་བརྟེན་ སང་ཕོད་ལས་ ལཱ་མི་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནིའི་ལཱ་འབད་མི་ ལྷུན་རྩེ་དང་ མོང་སྒར་ བཀྲ་ཤིས་གཡང་རྩེ་ དེ་ལས་ བཀྲ་ཤིས་སྒང་རྫོང་ཁག་༤ ནང་ལས་ མཉམ་ལས་ཚོགས་སྡེ་བཟོ་ཐོག་ལས་ མི་མང་ཤོས་ཅིག་ཡོད་རུང་ བར་སྐབས་ཅིག་ལས་ མར་ཉམས་སོང་ནུག།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་མཉམ་ལས་ཚོགས་སྡེའི་ཡིག་ཚང་གིས་ མཉམ་ལས་ཚོགས་པ་ བསྐྱར་བཟོ་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལུང་ཕྱོགས་ཡིག་ཚང་གི་ ཚོང་འབྲེལ་འགོ་དཔོན་ སངས་རྒྱས་རྒྱ་མཚོ་གིས་ སླབ་མིའི་ནང་ ཧེ་མ་ མཉམ་ལས་ཚོགས་སྡེའི་བཅའ་ཁྲིམས་མེད་པའི་སྐབས་ལས་ར་ མཉམ་ལས་ཚོགས་པ་ཅིག་ གཞི་བཙུགས་འབད་ཡོད་མི་དེ་ ཉམས་རན་ཁར་ལྷོད་པའི་ཤུལ་ལས་ ཡིག་ཚང་གི་ ལག་ཁྱེར་དེ་ བསྐྱར་བཟོ་འབད་དེ་ སྒྲིག་གཞི་ཅིག་བཟོ་ ཡིག་ཚང་འཆང་མི་ཚུ་ཡང་ བསྐོ་བཞག་འབད་ཐོག་ལས་ འཐུས་མི་༣༨ འབད་མི་ མཉམ་ལས་ཚོགས་སྡེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཚུ་ཡང་ ཧེ་མ་བཟུམ་ རྫོང་ཁག་༤ ནང་ལས་མེན་པར་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་དང་ ཐང་རོང་ དེ་ལས་ དགྲ་མེད་རྩེ་རྒེད་འོག་༣ དང་ བཀྲ་ཤིས་སྒང་ ཨོ་མཛོ་རོང་རྒེད་འོག་འབདཝ་ད་ རྫོང་ཁག་༢ ནང་ལས་རྐྱངམ་གཅིག་ཡོདཔ་ཨིན་པས།
ཨིན་རུང་ མར་ཁུའི་ཐོན་སྐྱེད་ཀྱི་ཐད་ལུ་ འདས་པའི་ལོ་ངོ་དག་པ་ཅིག་དང་ཕྱདཔ་ད་ མཉམ་ལས་ཚོགས་པ་ ལོག་གཞི་བཙུགས་འབད་བའི་ཤུལ་ལས་ དུས་ཅི་ ཡར་དྲག་སོང་ཡོདཔ་ཨིན་པས།
མར་ཁུའི་ཐོན་སྐྱེད་ཉོ་མི་གཙོ་བོ་ བའི་བོ་བུ་ཊཱན་ཨིནམ་ད་ ཤེར་རི་ཆུ་ལུ་ཡོད་པའི་ བའི་ཨོ་བུ་ཊཱན་གྱི་ ཡན་ལག་ཡིག་ཚང་གི་ འགོ་འཛིན་པ་ རིན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ མར་ཁུའི་ཐོན་སྐྱེད་ཀེ་ཇི་༡,༣༠༠ དང་ ན་ཧིང་ ལི་ཊར་༡,༦༠༠ དེ་ཅིག་ལས་བརྒལ་མེད་རུང་ དུས་ཅིའི་ལོ་ནང་ ད་ཚུན་ ལཱ་གི་དུས་ཚོད་མཇུག་མ་བསྡུཝ་ལས་ ཡིག་ཚང་གིས་ མར་ཁུ་ཀེ་ཇི་༢,༦༠༠ དེ་ཅིག་ ཉོ་ཡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཧུམ་ཅུང་རྩྭའི་ མར་ཁུ་བཙིར་ནིའི་ལཱ་དེ་ ལུང་ཕྱོགས་ནང་འགོ་དང་པ་ སྤྱི་ལོ་༢༠༠༤ དེ་ཅིག་ལས་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༠༩ དང་༢༠༡༠ ཚུན་ ལོ་བསྟར་བཞིན་དུ་ མཐོ་ཤོས་མར་ཁུ་མེ་ཊིག་ཊཱོན་༨ དེ་ཅིག་བཙུགས་ཡོད་རུང་ བར་སྐབས་ཅིག་ལས་ མར་བབས་སོང་ཡོདཔ་ད་ དུས་ཅི་ལས་ ལོག་སྟེ་ར་ ཐོན་སྐྱེད་ཡར་སེང་འགྱོ་དེས་ཟེར་ ཨིན་པས།
བའི་བུ་ཊཱན་གྱིས་ ཧུམ་ཅུང་རྩྭའི་མར་ཁུ་དེ་ གླང་ལེབ་དང་ ཁྱིམ་ནང་སྟོར་ནིའི་ དྲི་བཟང་སྨན་སྦེ་ བཟོ་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *