ཧཱ་ཁྲོམ་གྱི་ ཚོང་པ་ཚུ་གིས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྒྱལ་དར་དང་ དར་སྣ་ལྔ་ཚུ་དཔྱངས་ཐོག་ལས་ བཅའ་སྒྲིག་རྐྱབ་དོ་ཡོད་པའི་མཐོང་སྣང་།

ཧཱཔ་ཚུ་གིས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ བཅའ་སྒྲིག་རྐྱབ་དོ་ཡོདཔ།

༉ ནུབ་མོའི་ཆུ་ཚོད་༩ ལང་རུང་ ཧཱ་ཁྲོམ་གྱི་སྦུག་ལུ་ ཚེམ་ཁང་ལག་ལེན་འཐབ་སྡོད་མི་ ཚེ་རིང་དངོས་གྲུབ་དང་ ཁོ་རའི་ཆ་རོགས་༣ གྱིས་ གོ་དང་ དཀྱི་ར་ སྟོད་གོ་ཚུ་ བཙེམ་མ་ཚར་བར་ འདུ་འཛི་ཅན་སྦེ་ སྡོདཔ་ཨིན་པས།
ཚེ་རིང་དངོས་གྲུབ་ཀྱིས་ ཧ་ཁྲོམ་ཁར་ ཚེམ་རྐྱབ་སྟེ་ ལོ་༡༡ ལང་ཡོད་རུང་ ད་རེས་བཟུམ་སྦེ་ འུར་བྱེལ་འཐབ་དགོཔ་མ་འབྱུང་ཟེར་ སླབ་ཨིན་པས།
ཁོ་གིས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ལས་ར་ གོ་དང་ དཀྱི་ར་ སྟོད་གོ་བཙེམ་མི་ གཅིག་ཤུལ་གཉིས་ཤུལ་སྦེ་ འོང་མི་ལུ་བརྟེན་ ལཱ་ཁག་བཏངམ་མས་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་དང་ ཆ་རོགས་༣ གྱིས་ དལཝ་དུམ་གྲ་ཅིག་ཡང་མ་སྡོད་པར་ ལཱ་འབད་བའི་སྐབས་ ཉིནམ་༡ ནང་ གོ་༤ དང་ དཀྱི་ར་སྟོད་གོ་དག་པ་ཅིག་ བཙེམ་ཚརཝ་མས་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ དུས་སྟོན་རནམ་ད་རྐྱངམ་གཅིག་ གོ་ལ་བཙེམ་ནི་ཚུ་ འབག་འོང་མི་ལུ་བརྟེན་ དུས་ཚོད་ཁར་ ཚར་མ་ཚུགས་པའི་ དཀའ་ངལ་ཐོནམ་མས་ཟེར་ ཨིན་པས།
ཧཱ་ཁྲོམ་ཁར་ ཚོང་ཁང་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་བཞིན་དུ་ ལ་ལོ་ཅིག་གིས་ ཕྱི་རུ་ཧ་སུ་སྦེ་ སྒོ་བསྡམས་དོ་ཡོདཔ་ལས་ རོ་ཁྱིའི་སྐད་མ་གཏོགས་ གཞན་མི་དང་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་ མེད་ནི་དེ་གིས་ སྐྱིད་ཏོང་ཏོ་སྦེ་ ཚོརཝ་ཨིན་པས།
ཚེ་རིང་དངོས་གྲུབ་དང་ ཆ་རོགས་ཚུ་གིས་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ ལཱ་འགོ་བཙུགས་ཏེ་ ནུབ་མོ་ཚུན་ ལཱ་འབད་དེ་ བདུན་ཕྲག་༢ ལྷགཔ་ཅིག་ ཡར་སོཔ་ཨིན་པས།
ཚེ་རིང་དངོས་གྲུབ་ཀྱི་ ཚེམ་ཁང་ལྟག་ལུ་ མོ་ཧཱན་དར་ཇི་གི་ ཚེམ་ཁང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ གོ་བཙེམ་ནི་ ལེ་ཤ་འབག་འོང་མི་ལུ་བརྟེན་ ཉིནམ་རེ་ལུ་ དངུལ་ཀྲམ་༢,༠༠༠ ལས་༢,༥༠༠ དེ་ཅིག་ ཐོབ་ཚུགས་པས་ཟེར་ སླབ་ཨིན་པས།
ཨ་རྟག་འབད་བ་ཅིན་ འོང་འབབ་གངམ་བཟོ་མ་ཚུགས་པར་ སྡོད་དགོཔ་ཐོན་རུང་ དུས་ཅི་ ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནི་ཨིནམ་ལས་ གོ་ལ་བཙེམ་མི་ ལེ་ཤ་འོངམ་མས་ཟེར་ཨིན་པས།
ཨིམ་ཊཱཌ་སྨན་ཁང་གི་ ཉེ་འདབས་ལུ་ ཚོང་ཁང་བཙུགས་སྡོད་མི་ སྒྲོལ་མ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཧཱ་ལུ་ མི་ལེ་ཤ་ལྷོད་མི་ལུ་བརྟེན་ ཚོང་ཁང་ནང་ འུར་བྱེལ་འཐབ་སྟེ་ སྡོད་དགོཔ་ཐོནམ་མས་ཟེར་ ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ དུས་ཅི་ ལྷ་ཁང་དཀར་པོའི་ རྡོ་གཅལ་ནང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་འབད་སར་ ལྟདམོ་ལྟ་མི་ མི་༦,༥༠༠ དེ་ཅིག་ འཛོམས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་ རྒྱལ་མཚན་གྱིས་འབད་བ་ཅིན་ ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་ མགྱོན་ཁྱིམ་དང་ ཟ་ཁང་ཚུ་ག་ར་ མགྱོནམ་ཚུ་གི་དོན་ལུ་ མཁོ་མངགས་འབད་ཡོདཔ་མ་ཚད་ ཐ་ན་ སློབ་གྲྭའི་ སློབ་ཁང་ཚུ་ཡང་ མགྱོནམ་ཚུ་བཞག་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ སླབ་ཨིན་པས།
རྫོང་ཁག་ནང་ གྲོང་ཁྱིམ་སྡོད་གནས་༢༥ ཡོད་པའི་ ཇོ་བདག་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༦ དང་༡༧ ལུ་ རིན་མེད་སྟོང་པར་སྦེ་ མགྱོནམ་ཚུ་སྡོད་བཅུག་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ནིའི་དོན་ལུ་ ཧཱ་ཁྲོམ་ཁར་ ཚོང་ཁང་ཚུ་ ཆ་མཉམ་ར་ ཚོས་གཞི་འདྲ་མིན་སྣ་ཚོགས་སྦེ་ཡོད་མི་ གློག་མེ་ཚུ་ བཙུགས་དོ་ཡོདཔ་མ་ཚད་ རྒྱལ་དར་དང་ དར་སྣ་ལྔ་ཚུ་དཔྱངས་བའི་ཁར་ མི་དབང་མཆོག་དང་ མི་དབང་རྒྱལ་སྲས་ དེ་ལས་ མི་དབང་རྒྱལ་བཙུན་མཆོག་གི་ སྐུ་པར་ཚུ་དཔྱངས་ཏེ་ མཛེས་ཏོག་ཏོ་སྦེ་ བཟོ་དོ་ཡོདཔ་ཨིན་པས།
ད་རིས་ ཧཱ་ཁྲོམ་ཁར་ སྡོད་མི་ཚུ་གིས་ ཕྱགས་བདར་གྱི་ལས་རིམ་ནང་ བཅའ་མར་གཏོགས་ནི་ ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ་དང་ ཚེ་རིང་དཔལ་ལྡན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *