ཧཱཔ་ཚུ་ མི་དབང་ཡབ་མེས་སྲས་གསུམ་ མཇལ་ཚུགས་མི་ལུ་ བསམ་པ་རྫོགས་ཡོདཔ།

༉ རྒྱལ་ཁབ་ནང་ རྫོང་ཁག་ཆུང་ཤོས་ཅིག་ཨིན་མི་ ཧཱ་རྫོང་ཁག་ནང་ དུས་ཚོད་འ་ནེམ་ཅིག་ཁར་ སློབ་གྲྭ་ཚུ་ཡང་ སྒོ་བསྡམས་བཞག་མི་ལུ་བརྟེན་ ཁྲོམ་ཁར་ མི་དག་པ་ཅིག་ལས་བརྒལ་ མ་མཐོངམ་ཨིན་རུང་ དུས་ཅི་ རྒྱལ་ཡོངས་དུས་ཆེན་༡༡༠ པ་ བརྩི་སྲུང་ཞུ་མི་ལུ་བརྟེན་ སྣུམ་འཁོར་གྱི་འགྲོ་འགྲུལ་དང་ མི་ཚུ་སྤུངས་འཛོམས་འབད་དེ་ འུར་བྱེལ་འཐབ་སྡོད་སར་ མཐོངམ་ཨིན་པས།
ཧཱ་ཁྲོམ་ནང་ལྟ་རུང་ ཚོང་ཁང་ཚུ་ག་ར་ དར་སྣ་ལྔ་གིས་རྒྱན་པའི་ཁར་ ཚོས་གཞི་མ་འདྲཝ་འབད་མི་ གློག་མེ་ཚུ་བཙུགས་ཡོདཔ་མ་ཚད་ ལྷ་ཁང་དཀར་པོའི་ རྡོ་གཅལ་དང་ ལྷ་ཁང་གི་ཕྱི་ཁར་ རྒྱང་མཐོང་བཙུགས་ཡོད་མི་ཚུ་ནང་ རྒེད་འོག་༥ གི་ མི་སེར་དྲག་ཞན་ཆེ་ཆུང་མེདཔ་ག་ར་ གཟབ་སྤྲོས་རྡིག་སྟེ་ སྤྲོ་སྣང་ཅན་གྱི་སྒོ་ལས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་སར་ མཇལཝ་ཨིན་པས།
ཁ་ཙ་ ཧཱ་གི་ལོ་བབས་དང་འབྲེལ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་ མི་དབང་རྒྱལ་བཙུན་ རྒྱལ་སྲས་ དེ་ལས་ སྐུ་འཁོར་ལྷན་རྒྱས་ཚུ་གིས་ བཅའ་མར་གཏོགས་གནང་ཡི།
ས་གནས་ཀྱི་ མི་སེར་ཚུ་གིས་ བཤད་མིའི་ནང་ ཨ་རྟག་འབད་བ་ཅིན་ ལྷ་ཁང་དཀར་པོའི་ ས་གནས་དེ་ནང་ རླུང་མ་འཕུ་སྟེ་ ཐལཝ་ཁོག་རིལ་རི་སྦེ་ མཐོངམ་ཨིན་རུང་ ཁ་ཙ་ མི་དབང་ཡབ་མེས་སྲས་གསུམ་དང་ སྐུ་འཁོར་ལྷན་རྒྱས་ཚུ་གི་ སྐུ་བསོད་དབང་ཐང་ལུ་བརྟེན་ཏེ་ གནམ་གཤིས་གནས་སྟངས་དེ་ཡང་ ཨ་རྟག་དང་མ་འདྲཝ་ ཧིང་སངས་ས་དང་ ཉིམ་ཤར་ཡོདཔ་ལས་ ལྷག་པར་དུ་ སེམས་དགའ་ཡི་ཟེར་ཨིན་པས།
ཁ་ཙ་ ཚ་འཕེལ་གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ར་ དྲོ་པའི་ཆུ་ཚོད་ཕྱེད་དང་༤ ལས་ར་ ལྷ་ཁང་དཀར་པོའི་ རྡོ་གཅལ་གྱི་སྦོ་ལོགས་ཁར་ ལྷོད་ཡོདཔ་བཞིན་དུ་ ཆུ་ཚོད་༥ ལུ་ སྒོ་ར་སྒོ་ཕྱེཝ་ཅིག་ ཁོང་ར་སྡོད་སའི་ ས་གོ་གདམ་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ རྒྱལ་ཡོངས་དུས་ཆེན་དང་ ཧཱ་པའི་ལོ་བབས་དེ་ དུས་མཉམ་ཕོགཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་ མི་དབང་རྒྱལ་བཙུན་དང་རྒྱལ་སྲས་ དེ་ལས་ སྐུ་འཁོར་ལྷན་རྒྱས་ཚུ་དང་གཅིག་ཁར་ བརྩི་སྲུང་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ལུ་ སྐལ་བ་བཟང་ཡི་ཟེར་ སླབ་ཨིན་པས།
ཁོ་བཟུམ་སྦེ་ར་ ཧཱཔ་གཞན་མི་ཚུ་གིས་ཡང་ ད་ལྟོ་ཚུན་ཚོད་ མི་དབང་མཆོག་དང་གཅིག་ཁར་ འདི་བཟུམ་མའི་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནི་གི་ གོ་སྐབས་འཐོབ་ཚུགས་ནི་མས་ཟེར་ སག་ལང་སྡོད་པའི་མཐའ་མར་ ཁ་ཙ་ ཞལ་མཇལ་གསུང་ཐོས་ནིའི་ གོ་སྐབས་ཐོབ་ཡོད་མི་དེ་ལུ་ སེམས་ཀྱི་གདིང་ལས་ར་ དགའ་སྤྲོ་ཚད་མེད་བྱུང་ཡི་ཟེར་ སླབ་ཨིན་པས།
དགའ་སྐྱིད་གླིང་རྒཔོ་ དགའ་ཤེས་ཀྱིས་ བསམ་འཆར་བཤད་མིའི་ནང་ དུས་ཅི་ ཧཱཔ་ཚུ་གིས་ ལོ་བབས་དང་ རྒྱལ་ཡོངས་དུས་ཆེན་དེ་ མི་དབང་མངའ་ཞབས་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཚུ་དང་གཅིག་ཁར་ བརྩི་སྲུང་ཞུ་ནིའི་ གོ་སྐབས་ཐོབ་ཚུགས་མི་དེ་ ནམ་ཡང་བརྗེད་པར་ཕངས་པའི་ དུས་སྐལ་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་སྦེ་ མི་དབང་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཚུ་དང་གཅིག་ཁར་ ཚེ་སྔོན་གྱི་ སྨོན་ལམ་ལུ་བརྟེན་ ད་ལྟོ་ དེ་སྦེ་བརྩི་སྲུང་ཞུ་ནི་གི་ གོ་སྐབས་ཐོབ་ཐོབ་ འོང་ནི་མས་ཟེར་ རྒཔོ་གིས་ སླབ་ཨིན་པས།
རྦད་གཙོ་གཡུས་ཚན་ལས་ སྐྱེས་ལོ་༧༦ ལང་མི་ ཨམ་བ་ཁུམ་གྱིས་ ཁཝ་བཙུགས་ཏེ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་སར་ བཅའ་མར་གཏོགས་ཡོདཔ་ད་ མོ་གིས་ དགའ་སྟོན་ལས་རིམ་ ཕྱེད་ཀ་དེ་ཅིག་ལས་ ལོག་ཁྱིམ་ནང་ འགྱོ་མི་དེ་ཡང་ མ་གཞི་ ཞབས་ཁྲ་དང་ ལས་རིམ་གཞན་ཚུ་ བལྟ་དགོ་མནོ་རུང་ མོ་ར་ ལོ་ན་རྒས་པའི་སྟབས་ཀྱིས་ མགུ་ཡུ་འཁོར་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་དབང་ཡབ་མེས་སྲས་གསུམ་གྱི་ཞལ་རས་ དངོས་སུ་སྦེ་ མཇལ་ནིའི་གོ་སྐབས་ ཐོབ་མ་ཚུགས་མི་དེ་ ད་རེས་ རྩ་འགེངས་ཏེ་ མཇལ་བར་འོང་བའི་མཐའ་མར་ མཇལ་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཉིནམ་བརྩི་སྲུང་ཞུ་ནིའི་དོན་ལུ་ ཧཱཔ་ཚུ་གིས་ གཅིག་མཐུན་དང་ ཁས་བླངས་ཐོག་ལས་ བཅའ་སྒྲིག་གི་ ལཱ་འབད་བར་འོང་མི་དེ་ལུ་ མི་དབང་མཆོག་གིས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་གནང་ཡི།
སྤྱི་ལོ་༡༩༠༧ ཟླ་༡༢ པའི་ཚེས་༡༧ ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་ འགོ་བཙུགས་གནང་པའི་ཤུལ་ལས་ རྒྱལཔོ་གཅིག་གི་མི་སེར་སྦེ་ བཟོ་ཡོདཔ་ད་ གོང་ས་ཨྱོན་དབང་ཕྱུག་མཆོག་ འབྲུག་རྒྱལ་དང་པའི་ཁྲི་ཐོག་ལུ་ བཀྲིས་མངའ་གསོལ་གནང་པའི་ ཉིནམ་ཨིནམ་ལས་ ཉིནམ་དེ་ རྒྱལ་ཡོངས་ཀྱི་དུས་ཆེན་སྦེ་ བརྩི་སྲུང་ཞུཝ་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *