ཧཱ་ལུ་ སྨན་ཁང་ལེགས་ཤོམ་ཡོད་རུང་ ཌོག་ཊར་མེདཔ་ཨིན་པས།

ཧཱ་སྨན་ཁང་ནང་ ཌོག་ཊར་མེད་པའི་དཀའ་ངལ།

༉ ཧཱ་རྫོང་ཁག་གི་ མི་སེར་ཚུ་གིས་ སྨན་ཁང་གསརཔ་ཅིག་ ཐོབ་ཡོད་རུང་ དེ་ནང་ ཌོག་ཊར་མེདཔ་ལས་ ཁོང་རའི་རེ་འདོད་ གྲུབ་མ་ཚུགས་པར་ཡོདཔ་ཨིན་པས།
ཧཱ་ལུ་སྡོད་མི་ ཀུན་ལེགས་ཀྱིས་ ཉམས་མྱོང་བརྗེ་སོར་འབད་མིའི་ནང་ མོ་རའི་བུམོ་ ཨ་ལོ་སྐྱེས་བའི་སྐབས་ སྨན་ཁང་ནང་ ཌོག་ཊར་མེདཔ་ལས་ དྲག་པོའི་སྨན་ཁང་ལས་ ཌོག་ཊར་འབོ་དགོཔ་བྱུང་ཡི་ཟེར་ཨིནམ་ད་ སྨན་ཁང་དེ་ སྤུས་ཚད་དང་ལྡན་པའི་ མཐུན་རྐྱེན་གཞི་བཙུགས་འབད་དེ་ཡོད་རུང་ ཌོག་ཊར་མཁས་མཆོག་གཅིག་ཡང་ ཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྨན་ཁང་སྦོམ་ཅིག་རྐྱབ་སྟེ་ ཌོག་ཊར་ ཡང་ཅིན་ མཁས་མཆོག་གཅིག་ཡང་ མེད་པ་ཅིན་ དོན་དག་ཅིག་ མིན་འདུག་ཟེར་ཨིན་པས།
ཀུན་ལེགས་བཟུམ་སྦེ་ མི་སེར་མང་ཤོས་ཅིག་གིས་ སྨན་ཁང་གི་ མཐུན་རྐྱེན་ལུ་བལྟ་སྟེ་ བསམ་འཆར་ཅོག་འཐདཔ་སྦེ་ སླབ་དོ་ཡོདཔ་ད་ ཌོག་ཊར་མཁས་མཆོག་དང་ ཞབས་ཏོག་ཡང་ ལེགས་ཤོམ་ཡོད་མི་ དམག་སྡེའི་སྨན་ཁང་དེ་ར་ གདམ་ཁ་རྐྱབ་དོ་ཟེར་ཨིན་པས།
ཧཱ་ཁྲོམ་ནང་ སྡོད་མི་ཅིག་གིས་ གློ་བུར་གྱི་ གནད་དོན་རེ་བྱུངམ་ད་ ཐིམ་ཕུག་འགྱོ་ནི་དེ་ ལམ་ཐག་རིངམོ་ལས་ བྱ་ཐབས་མེད་པར་ དམག་སྡེའི་སྨན་ཁང་ནང་ འགྱོ་དགོཔ་བྱུངམ་མས་ཟེར་ བཤདཔ་ཨིན་པས།
ཨིན་རུང་ རྫོང་ཁག་གསོ་བའི་འགོ་དཔོན་ བསམ་བརྟན་གྱིས་ ད་ལྟོ་ སྨན་ཁང་དེ་ གསོ་བའི་འགོ་དཔོན་གོངམ་ཅིག་གིས་ འཛིན་སྐྱོང་འཐབ་དོ་ཟེར་ བཤད་པའི་ཁར་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ སྨན་ཁང་ནང་ ཁག་འབགཔ་གི་ ཌོག་ཊར་༡ དང་ གཏན་འཇགས་ཀྱི་ཌོག་ཊར་༢ ཡོདཔ་ལས་ སྟབས་མ་བདེཝ་ མ་བྱུང་པར་ གསོ་བའི་ཞབས་ཏོག་ ལེགས་ཤོམ་སྦེ་ར་ བྱིན་ཡི་ཟེར་ བཤདཔ་ཨིན་པས།
ད་རེས་ ཌོག་ཊར་༢ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་པའི་བསྒང་དང་ ཁག་འབགཔ་གི་ ཌོག་ཊར་དེ་ ངལ་གསོ་ནང་ཡོདཔ་ལས་ ཁོ་ཡང་ གསོ་བའི་གནད་དོན་ལུ་བརྟེན་ དགོངས་ཞུ་འབད་ནིའི་ འཆར་གཞི་འདུག་ཟེར་ བསམ་བརྟན་གྱིས་ བཤདཔ་ཨིན་པས།
སྨན་ཁང་ནང་ ཌོག་ཊར་མེད་པའི་ དཀའ་ངལ་ཐོན་རུང་ རྫོང་ཁག་བདག་སྐྱོང་གིས་ གསོ་བ་ལྷན་ཁག་ལུ་ ཌོག་ཊར་༢ དགོཔ་སྦེ་ ཞུ་བ་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ད་རེས་ཀྱི་ཟླཝ་ནང་ར་ ཌོག་ཊར༌༢ གཏང༌ནི༌སྦེ༌ ངོས་ལེན༌འབད༌དེ་ཡོདཔ༌ཨིན༌པས།
བསམ༌བརྟན༌གྱིས༌ སླབ༌མིའི༌ནང༌ ལྷན༌ཁག༌གིས༌ སྨན༌ཁང༌དེ༌ནང༌ ཌོག༌ཊར༌གོངམ༌ཅིག༌ སྤྱི༌ཟླ༌༧ པ༌དང༌༨ པའི༌ནང༌འཁོད༌ལུ༌ གཏང་ནི་གི་ རེ༌བ༌བསྐྱེད་དོ་ཟེར༌ཨིན༌པས།
ཁོ༌གིས༌འབད༌བ༌ཅིན༌ མ༌གཞི༌ ཌོག༌ཊར༌མེད༌རུང༌ གསོ༌བའི༌འགོ༌ དཔོན༌གོངམ༌ཨིནམ་ལས་ ཁོ༌གིས་ དཀའ༌ངལ༌མེད༌པར༌ ཞབས༌ཏོག༌བྱིནམ་མ་ཚད་ བ༌ལི༌སྨན༌ཁང༌གི༌ ཌོག༌ཊར༌ངོ༌ ཚབ༌ཡང༌ འབད༌ནི༌ཡོད༌ཟེར༌ཨིན༌པས།
སྨན༌ཁང༌ནང༌ཌོག༌ཊར༌༣ ཡོད༌པའི༌ སྐབས༌ ཌོག༌ཊར༌༢ ཀྱིས༌ སྤྱིར༌བཏང༌ ནདཔ༌ཚུ༌ བལྟ༌དོ༌ཡོདཔ༌ལས༌ ད༌རེས༌ ཕྱི༌ནདཔ༌ཚུ༌ལུ༌ གདོང༌ལེན༌སྦོམ༌བྱུང༌སྟེ་ཡོད༌པའི༌ཁར༌ གསོ༌བའི་བརྟག་དཔྱད་སྙན་ཞུ་དང་ བྱ་རིམ་ནང་ དུས་ཡུན་རིངམོ་སྦེ་ འགོར་མི་ལུ་བརྟེན་ མི་ཚུ་གིས་ ཉོགས་བཤད་བཀོད་བཀོདཔ་འོང་ཟེར བསམ་བརྟན་གྱིས་ བཤདཔ་ཨིན་པས།
སྨན་ཁང་གསརཔ་དེ་ནང་ མཐུན་རྐྱེན་ཚུ་ཡང་ ཨཱལ་ཊ་ས་འུནཊ་འཕྲུལ་ཆས་དང་ སོ་བཅོས་ཁང་ གློག་པར་བཏབ་ས་ བརྟག་དཔྱད་ཁང་ མ་བུའི་སྨན་བཅོས་ཞབས་ཏོག་ དེ་ལས་ གསོ་བའི་ཁྱད་གཡོགཔ་༦༠ དེ་ཅིག་ཡོདཔ་ཨིན་རུང་ ལྷབ་པ་དང་ རྣམ་ཅོག་ ལྐོདམ་སྨན་བཅོས་ཀྱི་ ཞབས་ཏོག་མེདཔ་ཨིན་པས།
ཉལ་ཁྲི་༢༠ འབད་མི་ སྨན་ཁང་དེ་ནང་ ནད་ཤག་ཞབས་ཏོག་དང་ ཨ་ལོ་མཁས་མཆོག་ ནདཔ་ཕོ་སྐྱེས་དང་ ཨམ་སྲུའི་ནད་ཤག་སོ་སོ་ དེ་ལས་ ཨ་ལོ་གསར་སྐྱེས་ལ་སོགས་པའི་ ཞབས་ཏོག་ཚུ་ཡོདཔ་ད་ བསམ་བརྟན་གྱིས་ སླབ་མིའི་ནང་ ཌོག་ཊར་གྱི་ དཀའ་ངལ་མ་གཏོགས་ སྨན་ཁང་དེ་ ལེགས་ཤོམ་ཡོད་ཟེར་ཨིན་པས།
བ་ལི་སྨན་ཁང་སྡེ་རིམ་དང་པ་དེ་ ཧཱ་ནང་པའི་སྨན་ཁང་སྦེ་ ཡར་སེང་འབད་ཡོདཔ་ད་ སྨན་ཁང་དེ་ བཟོ་སྐྲུན་མ་འབད་བའི་ཧེ་མར་ ཧཱཔ་ཚུ་གི་དོན་ལུ་ གསོ་བའི་སྨན་བཅོས་ལྟེ་བ་ གཙོ་ཅན་ཅིག་སྦེ་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *