ད་རེས་ནངས་པར་ ཧཱ་རྫོང་ཁག་ནང་ སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་༡༦༣ ཡོདཔ་ཨིན་པས།

ཧཱ་ལུ་ སྔོ་ཚལ་འཛུགས་སྐྱོང་ཁྱིམ་ནང་ སོ་ནམ་ལཱ་འབད་མི་ཡར་འཕར།

༉ ཧཱ་རྫོང་ཁག་ནང་ སོ་ནམ་པ་ཚུ་གིས་ ལོ་ཐོག་ཚུ་ གནམ་གཤིས་གནས་སྟངས་ཀྱི་ གནོད་སྐྱོན་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ སྔོ་ཚལ་འཛུགས་སྐྱོང་གི་ ཁྱིམ་ལག་ལེན་འཐབ་ཐོག་ལས་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ སྔོ་ཚལ་ཁྱིམ་བཟོ་ཐོག་ལས་ འཛུགས་སྐྱོང་འབད་མི་ ཐོན་སྐྱེད་ཚུ་ ས་གནས་ཀྱི་ ཁྲོམ་ཁར་བཀྲམ་སྤེལ་འབདཝ་མ་ཚད་ ཐིམ་ཕུག་ལུ་ཡང་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ རྫོང་ཁག་དེ་ནང་ སྔོ་ཚལ་ཁྱིམ་ནང་ སོ་ནམ་གྱི་ ལཱ་དེ་ཡང་ སྤྱི་ལོ་༢༠༡༣ ལས་ ཧཱ་ཨོར་ག་ནིག་ཟེར་ རང་བཞིན་ཐོན་སྐྱེད་ལས་འགུལ་གྱིས་ འགོ་བཙུགས་ནུག།
ཟད་འགྲོ་འཇམ་མི་ ལས་འགུལ་དེ་གི་ཐོག་ལས་ ཟད་འགྲོ་བརྒྱ་ཆ་༦༠ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ བརྒྱ་ཆ་༤༠ ལས་བརྒལ་ ཟད་འགྲོ་བཏང་མ་དགོ་པའི་ ཁེ་ཕན་ཡོདཔ་ད་ ལས་འགུལ་དེ་གིས་ རྒེད་འོག་༤ ནང་ སྔོ་ཚལ་ཤེལ་ཁྱིམ་༦༣ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སྔོ་ཚལ་ཁྱིམ་གྱི་ ལྷན་ཐབས་སྦེ་ རྫོང་ཁག་སོ་ནམ་ཡིག་ཚང་གིས་ བཟའ་འཐུང་ཉེན་སྲུང་དང་ སོ་ནམ་ཐོན་སྐྱེད་ལས་འགུལ་བརྒྱུད་དེ་ མི་སེར་དང་ ཟད་འགྲོ་བརྒྱ་ཆ་༢༠ རེ་ བགོ་བཤའ་རྐྱབ་ཐོག་ལས་ སྔོ་ཚལ་ཁྱིམ་༤༥ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ད་རུང་ ལས་འགུལ་དེ་གི་ཐོག་ལས་ སྔོ་ཚལ་ཁྱིམ་༤༠ བཟོ་ཡོདཔ་ལས་ ད་ཚུན་གྱི་བར་ན་ རྒེད་འོག་༤ ནང་ སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་མ་འདྲཝ་༡༤༨ དེ་ཅིག་ བཟོ་སྟེ་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ དཀར་ཅུང་གིས་ སླབ་མིའི་ནང་ དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་༢ ཀྱིས་ ན་ཧིང་ སྔོ་ཚལ་ཁྱིམ་༡༠-༡༥ དེ་ཅིག་ བཟོ་ཡོདཔ་མ་ཚད་ ཧཱ་གི་གནམ་གཤིས་གནས་སྟངས་ལུ་བརྟེན་ ཤེལ་ཁྱིམ་ནང་ སོན་ཧ་སུག་སྦེ་ ཐོན་སྐྱེད་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
ད་རེས་ནངས་པར་ ཀུན་ལེགས་བུད་དར་དེ་ མོ་རའི་སྔོ་ཚལ་ཁྱིམ་༣ ལུ་བལྟ་སྟེ་ ངལ་རངས་བྱུང་ཡོདཔ་བཞིན་དུ་ ལོ་༥ དེ་ཅིག་ཧེ་མར་ སྔོ་ཚལ་ཁྱིམ་ནང་ ལོ་ཐོག་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོད་མི་དེ་གིས་ མོ་རའི་བཟའ་ཚང་སྐྱོང་ནི་ལུ་ ཁེ་ཕན་སྦོམ་སྦེ་ བྱུང་སྟེ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
ཀུན་ལེགས་བུད་དར་གྱིས་ གནམ་བྱཱར་སྐབས་ བླམ་བན་ད་དང་ གོན་ཅུང་ དེ་ལས་ ཨེ་མ་ཚུ་ འཛུགས་སྐྱོང་འབད་བའི་ཁར་ དགུན་གྱི་དུས་ཚོད་ནང་ ཧོན་ཚོད་དང་ འོད་སུ་ ལ་ཕུག་དམརཔོ་ སྲནམ་ཅུམ་ མེ་ཏོག་ཧོན་ཚོད་ དེ་ལས་ ལ་ཕུག་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
མོ་གིས་ བླ་བན་ད་རྐྱངམ་གཅིག་ ཚོང་འབྲེལ་འཐབ་སྟེ་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དེ་རེ་ བཟོ་དོ་ཡོད་རུང་ ཚོང་འབྲེལ་འཐབ་སའི་ ས་གོ་མེདཔ་ལས་ གདོང་ལེན་བྱུངམ་མས་ཟེར་ བཤདཔ་ཨིན་པས།
མ་གཞི་ ཚོད་བསྲེ་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལས་ ཐིམ་ཕུག་ལུ་ འབག་འོངམ་ད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ལས་བརྒལ་ མི་འགོར་དོ་ཡོད་རུང་ ཐོན་སྐྱེད་བཙོང་སའི་ ཡུན་བརྟན་གྱི་ ཚོང་ལམ་ཅིག་ མིན་འདུག་ཟེར་ མོ་བཟུམ་སྦེ་ སོ་ནམ་པ་གཞན་ཚུ་གིས་ ཅོག་འཐདཔ་སྦེ་ བཤད་ནི་འདུག།
སོ་ནམ་པ་དབངམོ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ སོ་ནམ་པའི་ ཁྱིམ་ནང་འོང་སྟེ་ ཚོད་བསྲེ་ཉོ་ནིའི ཁས་བླངས་འབད་དེ་ཡོདཔ་ལས་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ གོང་ཚད་དེ་ཡང་ ལེགས་ཤོམ་ཅིག་ མ་ཐོབ་པའི་ཁར་ ལས་མི་དང་ སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ རྩིས་རྐྱབ་པའི་སྐབས་ འོང་འབབ་དེ་ཅིག་ར་ མིན་འདུག་ཟེར་ བཤདཔ་ཨིན་པས།
མཁོ་འདོད་འགྲུབ་ཐབས་ལུ་ སོ་ནམ་པ་ཚུ་གིས་ ཡུན་བརྟན་གྱི་ ཐོན་སྐྱེད་འབད་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *