ཧཱ་ལུ་ ས་གཏེར་གྱི་ལཱ་ མཚམས་འཇོག་འབད་ནིའི་ གྲོས་ཐག་བཅད་ཡོདཔ།

༉ ཧཱ་དགའ་སྐྱིད་གླིང་རྒེད་འོག་ རྡོ་རི་མཐའ་སའི་ མི་ཚུ་གིས་ ཁོང་གི་ མི་རྒྱུད་གཞིས་ཆགས་དང་ རང་བཞིན་ཐོན་སྐྱེད་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ ཁོང་གི་ས་ཁོངས་ནང་ ས་གཏེར་གྱི་ལཱ་འབད་དོ་ཡོད་མི་དེ་ མཚམས་འཇོག་འབད་ནིའི་ གྲོས་ཐག་བཅད་ཡོདཔ་ཨིན་པས། 

སྤྱི་ཟླ་༥ པའི་ཚེས་༡༢ ལུ་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ས་གནས་གཞུང་གིས་ གནད་དོན་དེའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ས་ཁམས་དང་ས་གཏེར་ལས་ཁུངས་ཀྱིས་ ས་གཏེར་གྱི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ ལས་ཁུངས་ཀྱིས་ ས་ཁོངས་དེ་ནང་ ས་གཏེར་ལཱ་གི་ ཞིབ་འཚོལ་འབད་ནིའི་དོན་ལུ་ ས་གཏེར་ཚུ་ ག་དེ་སྦེ་འདུག་ག་ བལྟ་ནིའི་དོན་ལས་ དོང་སྤེད་ནི་ལ་སོགས་པའི་ལཱ་ཚུ་ འགོ་བཙུགས་སྐབས་ལས་ར་ ས་གནས་ཀྱི་མི་ཚུ་གིས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།

ལས་ཁུངས་ཀྱི་མདོ་ཆེན་ མཆོད་རྟེན་དབང་ཕྱུག་གིས་ ས་གཏེར་ས་ཁོངས་དེ་ གླ་ཁར་མ་ལེན་པའི་ཧེ་མར་ བྱ་སྒོའི་ལམ་ལུགས་ཀྱི་ཁ་གསལ་ཚུ་ གསལ་སྟོན་འབད་བའི་སྐབས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ ས་གཏེར་གྱི་དོན་ལུ་ བརྟག་ཞིབ་ཀྱི་ལཱ་དེ་ རྡོ་རི་མཐའ་སའི་ ལྟག་ལུ་ཡོད་མི་ དབྱེ་ཁག་ཀ་པའི་ནང་ འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་ ཚ་གྱང་ལང་མི་དེ་ དོང་སྤེད་སའི་ཉེ་འདབས་ལུ་ ས་རུད་འོང་མི་ལུ་བརྟེན་ཨིན་རུང་ ས་ཆ་བརྟན་ཏོག་ཏོ་ཅིག་མེདཔ་ལས་ ས་རུད་དེ་ དོང་སྤེད་མི་ལུ་བརྟེན་ འོང་ཡོདཔ་ཨིན་ན་ སླབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ བསྟན་རྒྱས་ལྷན་ཁག་ལུ་ ཡི་གུ་བྲིས་བའི་ཤུལ་ལས་ བརྟག་ཞིབ་ཀྱི་ལཱ་དེ་ མཚམས་འཇོག་འབད་ཡོདཔ་བཞིན་དུ་ འཕྲུལ་ཆས་ཚུ་ཡང་ ལོག་འབག་ཡོདཔ་ལས་ ད་རེས་ དེ་ཁར་ ལཱ་འབད་ནི་མེད་ཟེར་ཨིན་པས། 

མཆོད་རྟེན་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ས་གཏེར་བརྟག་ཞིབ་ཀྱི་ བཅའ་ཁྲིམས་དང་འཁྲིལ་ བརྟག་ཞིབ་ཀྱི་ ལཱ་འབད་བའི་སྐབས་ ལས་ཁུངས་ཀྱིས་ རང་བཞིན་གནས་སྟངས་དང་མི་སྡེ་ དེ་ལས་ ནགས་ཚལ་ལས་ ཉོགས་མེད་ཡི་གུ་མ་ལེན་ཟེར་ཨིན་པས།

བརྟག་ཞིབ་ཀྱི་ ཚོད་རྩིས་དང་འཁྲིལཝ་ད་ གཞུང་ལམ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་ཁར་ ས་ཁར་ཡོད་མི་ དབྱེ་ཁག་ཀ་པའི་ནང་ རྡོ་ཀ་མ་རུ་པ་ མེ་ཊིག་ཊཱོན་ས་ཡ་༣༧ དེ་ཅིག་ཡོདཔ་ད་ དབྱེ་ཁག་ཀ་པ་རྐྱངམ་གཅིག་མ་གཏོགས་ གཞན་ཚུ་གཞིས་ཆགས་ལས་ ཐག་རིང་སར་ཡོདཔ་ལས་ གཡུས་ཚན་ལུ་ མི་གནོད་ཟེར་ མཆོད་རྟེན་དབང་ཕྱུག་གིས་ བཤདཔ་ཨིན་པས།

དགའ་སྐྱིད་གླིང་དམངས་མི་ བསྟན་པ་རིན་ཆེན་གྱིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ མ་འོངས་པ་ལུ་ དབྱེ་ཁག་ཀ་པ་དང་ ཁ་པའི་ནང་ ས་གཏེར་གྱི་ ལཱ་འབད་ནི་ལུ་ རྒྱབ་འགལ་འབད་དོ་ཡོད་མི་དེ་ གཡུས་ཚན་ལྟག་གི་ དབྱེ་ཁག་ཀ་པ་དེ་ནང་ གཡུས་ཁའི་ཡུལ་ལྷ་ཡོད་པའི་ཁར་ དབྱེ་ཁག་ཁ་པ་དེ་ཁར་ འཐུང་ཆུ་དང་ ཞིང་ཆུའི་རྐ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཞིབ་འཚོལ་གྱི་ ལཱ་འགོ་བཙུགས་ཏེ་ ལོ་༢ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ གཡུས་ཚན་དང་ མཐའ་འཁོར་གནས་སྟངས་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ གཡུས་མི་ཚུ་གིས་ ལཱ་ག་ཅི་ར་འབད་རུང་ བཀག་དམ་འབད་ནིའི་ གནད་དོན་གུ་ གྲོས་འདེབས་ཕུལ་ཡི་ཟེར་ཨིནམ་ད་ ས་གཏེར་ས་ཁོངས་དེ་ ཉམས་ཉེན་ནམ་ རབས་ཆད་ཉེན་ཡོད་པའི་ ཧ་ཅུང་གདོང་དཀར་གྱི་ འཇིགས་མེད་གེ་སར་རང་བཞིན་ཉམས་སྲུང་ས་ཁོངས་ཀྱི་འོག་ལུ་ ཚུདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དང་འཁྲིལཝ་ད་ ཧ་ཅུང་གདོང་དཀར་ཉམས་སྲུང་འབད་ཐབས་ལུ་ ཉམས་སྲུང་ས་ཁོངས་ཀྱི་ ཉེ་འདབས་ལས་ གྲོང་གསེབ་ཅ་ཆས་ཀྱི་གནང་བ་ཡང་ གཡུས་མི་ཚུ་ལུ་ སྤྲོད་ནི་མེད་ཟེར་ཨིནམ་ད་ ས་གཏེར་དེ་ རྒྱལ་ཡོངས་ཀྱི་ རྒྱུ་དངོས་ཅིག་ཨིན་རུང་ ག་དེམ་ཅིག་སྦེ་ གནང་བ་སྤྲོད་པ་ཅིན་ མི་དང་ རང་བཞིན་སྐྱེ་ལྡན་གནས་སྟངས་རིམ་ལུགས་ལུ་ གནོད་ཉེན་སྦོམ་ཡོད་ཟེར་ཨིན་པས།

དགའ་སྐྱིད་གླིང་རྒཔོ་ དགེ་བཤེས་ཀྱིས་ མི་ཚུ་གིས་ ཞུ་བ་འབད་མི་དང་འཁྲིལ་ ས་གཏེར་གྱི་ལཱ་དེ་ བཀག་དམ་འབད་དགོཔ་སྦེ་ ཚོགས་འདུ་ལུ་ ཞུ་བ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་དངུལ་ཚུ་ ཆ་འཇོག་མི་འབད་དོ་ཡོདཔ་ལས་ གླིང་ཁའི་ས་ཁོངས་ཞིབ་འཚོལ་གྱི་དོན་ལུ་ གཞུང་གི་མ་དངུལ་ཆུད་ཟད་ཨིནམ་མ་ཚད་ ས་རུད་དང་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ གཡུས་བཀོག་བཞག་དགོཔ་ མི་འཐོན་ག་ཟེར་ མི་ཚུ་ལུ་ ཚ་གྱང་ལང་ནུག་ཟེར་ཨིན་པས།

འཕྲིན་ལས་ཀྱིས་ སླབ་མིའི་ནང་ ས་ཆ་ཚུ་ཡང་ བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ དབྱེ་ཁག་ཀ་པའི་མཐའ་འཁོར་ལུ་ ས་གཏེར་གྱི་ ལཱ་འབད་མི་དེ་གིས་ རྒྱལ་ཡོངས་གཞུང་ལམ་༢ པ་ལུ་ཡང་ གནོད་འོང་ཟེར་ཨིན་པས།

འཇིགས་མེད་གེ་སར་རང་བཞིན་ཉམས་སྲུང་ས་ཁོངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རབས་ཆད་ཉེན་ཡོད་པའི་ ཧ་ཅུང་གདོང་དཀར་སྡོད་སའི་ ས་ཁོངས་ངོ་མ་ཅིག་འབདཝ་ལས་ གཏེར་སྒོ་ལ་ལས་ རྡོ་རི་མཐའ་ས་ཚུན་ གླིང་གའི་འོག་ལུ་ ཚུདཔ་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་ཁོངས་དེ་ མི་ཉམས་རྒྱུན་སྐྱོང་གི་ ས་ཁོངས་ངོ་མ་ཅིག་སྦེ་ གསལ་བསྒྲགས་འབད་ཡོདཔ་ལས་ ཤིང་བཏོག་ནི་དང་ བསྡུ་ནི་ཚུ་ཡང་ བཀག་འཛིན་འབད་དེ་ཡོདཔ་བཞིན་དུ་ གོང་འཕེལ་ལས་སྣ་ཚུ་གིས་ ཧ་ཅུང་གདོང་དཀར་ལུ་ གནོད་ཉེན་སྦོམ་ཡོདཔ་ལས་ ས་གཏེར་ལཱ་གི་དོན་ལུ་ གནང་བ་འཐོབ་ནི་དེ་ གོ་སྐབས་ཆུང་སུ་ཅིག་ཨིན་ཟེར་ཨིན་པས།

མཆོད་རྟེན་དབང་ཕྱུག་གིས་ སླབ་མིའི་ནང་ ས་གཏེར་གྱི་ལཱ་དེ་ འགོ་མ་བཙུགས་པའི་ཧེ་མར་ ས་གཏེར་ལས་སྡེ་ཚུ་གིས་ མི་སྡེ་དང་ ནགས་ཚལ་ཡིག་ཚང་ དེ་ལས་ རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཚུ་ལས་ ཉོགས་མེད་ཡི་གུ་ལེན་དགོ་ཟེར་ཨིནམ་ད་ ཉོགས་མེད་དེ་ མ་འཐོབ་པ་ཅིན་ ལས་ཁུངས་ཀྱིས་ ཆོག་ཐམ་ཡང་ མི་བྱིན་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ མི་སྡེའི་ཚ་གྱང་ལུ་ གཞི་འཛིན་ཐོག་ ས་ཁོངས་དབྱེ་ཁག་ཀ་པ་དང་ ཁ་པའི་ནང་ ས་གཏེར་གྱི་ལཱ་དེ་ བཀག་དམ་འབད་ནིའི་ གྲོས་ཆོད་བཏོན་ཡོདཔ་བཞིན་དུ་ དབྱེ་ཁག་གཞན་གྱི་ཐད་ཁར་ འོང་འབབ་ཡོད་མེད་ཀྱི་ ཞིབ་འཚོལ་དོན་ལུ་ ས་ཁམས་དང་ ས་གཏེར་ལས་ཁུངས་དང་ འཇིགས་མེད་གེ་སར་རང་བཞིན་ཉམས་སྲུང་ས་ཁོངས་ལུ་ བཞག་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *