ཧཱཔ་ཚུ་གིས་ ཁྱུང་བདུད་ཀྱི་གནས་ཁང་ ལྷ་ཁང་དཀརཔོ་ལུ་སྦེ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ སྟ་གོན་གྲ་སྒྲིག་འབད་བའི་བསྒང་།

ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ནིའི་དོན་ལུ་ སྟ་གོན་གྲ་སྒྲིག་འབད་ཡོདཔ།

༉ དུས་ཅི་ ཧཱཔ་ཚུ་གིས་ ལོ་འབབ་ཀྱི་ཉིནམ་དེ་ གཞན་དང་མ་འདྲཝ་སྦེ་ བརྩི་སྲུང་འབད་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིནམ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་དང་འབྲེལ་ ལོ་འབབ་ཀྱི་ཉིནམ་ ཁྱུང་བདུད་ཀྱི་གནས་ཁང་ ལྷ་ཁང་དཀརཔོ་ལུ་སྦེ་ བརྩི་སྲུང་ཞུ་ནིའི་ ལས་རིམ་ཡོད་མི་དང་བསྟུན་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ལོ་ངོ་༡༢༠ ལང་མི་ ལྷ་ཁང་དཀརཔོ་དེ་ ལོ་ངོ་༨ ཀྱི་རིང་ བསྐྱར་བཞེངས་ཐོག་ལས་ ད་རེས་ ཡོངས་རྫོགས་བསྒྲུབས་ཚར་མི་དང་བསྟུན་ ཧཱཔ་ཚུ་གིས་འབད་རུང་ བརྩི་སྲུང་ཞུ་ནིའི་དོན་ལུ་ དགོས་ཁུངས་ལེ་ཤ་ཡོདཔ་ཨིན་པས།
དེ་མ་ཚད་ ཧཱ་རྫོང་ཁག་གི་ ལྷོ་ཕྱོགས་ལས་ ཀི་ལོ་མི་ཊར་༡༥༥ འབད་མི་ འཁོར་ལམ་སེལ་ཐོག་ལས་ བསམ་རྩེ་རྫོང་ཁག་དང་གཅིག་ཁར་ མཐུད་སྦྲེལ་འབད་བའི་ཁར་ འཕྲལ་ཁམས་ཅིག་ཁར་ ཧཱ་རྫོང་ཁག་ནང་ འགོ་དང་པ་ ལོ་ཐོག་འབྱ་ཡང་ ལེགས་ཤོམ་སྦེ་ར་ བསྡུ་ཚུགས་ཡོདཔ་ཨིན་པས།
དུས་ཅི་ ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ སྟ་གོན་གྲ་སྒྲིག་དང་པ་ འབད་ཚར་ཡོདཔ་ལས་ མི་སེར་ཚུ་ དགའ་སྤྲོ་ཚད་མེད་བྱུང་སྟེ་ཡོདཔ་ད་ སྐྱེས་ལོ་༧༡ ལང་མི་ དཔལ་འབྱོར་ཡང་ དུས་ཆེན་བརྩི་སྲུང་སྐབས་ ལྟདམོ་བལྟ་བར་འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབད་མི་ ས་གནས་ཀྱི་ མི་སེར་བརྒྱ་ཕྲག་ལས་བཅད་མི་ཚུ་གི་གྲས་ལས་ གཅིག་ཨིན་པས།
ཨིན་རུང་ དུས་ཆེན་ངོ་མ་ བརྩི་སྲུང་ཞུ་བའི་སྐབས་ ཁོ་ར་ ལྷོད་མི་ཚུགས་ནི་ཨིནམ་ལས་ ད་རེས་ ལྟ་གོན་གྲ་སྒྲིག་ བལྟ་ནིའི་གོ་སྐབས་ལེན་ཡི་ཟེར་ སླབ་ཨིན་པས།
ལོ་ན་རྒས་ཤོས་ཀྱི་ ཞབས་ཁྲའི་ལས་རིམ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༥༥ ལང་མི་ ལྷཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཁྲ་རྐྱབ་མི་ཚུ་ག་ར་ ལོ་ན་རྒན་ཤོས་ཙང་ཙ་ཨིན་རུང་ རིག་གསར་གྱི་ཞབས་ཁྲ་ བུམོ་བུམོ་ཟེར་མི་དེ་ སྦྱང་བ་འབད་དོ་ཟེར་ཨིན་པས།
ལྷཔ་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཁོ་ར་ པུས་མོ་ན་སྟེ་ཡོད་རུང་ རྩ་འགེངས་ཏེ་ ཞབས་ཁྲའི་སྦྱང་བ་འབད་དོ་ཟེར་ཨིནམ་ད་ དེ་ཡང་ ཧཱ་རྫོང་ཁག་ནང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུ་མི་དེ་ འགོ་དང་པ་ཨིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ ཞབས་ཁྲ་རྐྱབ་ནིའི་གོ་སྐབས་ ཐོབ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཧཱ་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཡོགས་དུས་ཆེན་བརྩི་སྲུང་ཞུ་ནིའི་དོན་ལུ་ གྲ་སྒྲིག་ལས་རིམ་ཚུ་ ག་དེ་དྲག་དྲག་ རྐྱབ་པའི་བསྒང་ཡོད་ཟེར་ཨིནམ་ད་ དུས་ཆེན་གྱི་ཉིནམ་ལུ་ རྫོང་ཁག་གཞན་ཁར་ རྐྱབ་སྲོལ་མེད་པའི་ དང་ཕུག་གི་ཞབས་ཁྲ་ ཉམས་ཉེན་ཡོད་མི་ཚུ་ཡང་ སྤྱན་འབུལ་ཕུལ་ནིའི་ ལས་རིམ་ཚུ་ ཡོད་ཟེར་ཨིན་པས།
ཞབས་ཁྲའི་ལས་རིམ་ཚུ་ཡང་ བྱག་ཐང་ཁ་དགོན་པ་དང་ ཧཱ་པའི་ཨའུ་ས་ ཧཱ་གཞས་ ཁྱུང་བདུད་དགོངས་གཞས་ལ་སོགས་པ་ཚུ་ སྤྱན་འབུལ་ཕུལ་ནི་ཨིན་པས།
བསྐྱར་བཞེངས་འབད་མི་ ལྷ་ཁང་དཀརཔོ་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ བསྒྲུབས་ཚར་ཡོདཔ་ད་ ལྷ་ཁང་བཞེངས་པའི་སྐབས་ ཡུན་འགྱངས་ལུས་དགོ་མི་དེ་ཡང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ བཟོ་བཀོད་ཚུ་ བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༠༩ གི་ཟླཝ་༦ པ་ཚུན་ ལྷ་ཁང་བསྐྱར་བཞེངས་བརྒྱ་ཆ་༤༥ འི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་བཞིན་དུ་ ལྷ་ཁང་བསྐྱར་བཞེངས་ཡོངས་རྫོགས་ཀྱི་དོན་ལུ་ ཡོངས་བསྡོམས་དངུལ་ཀྲམ་ ས་ཡ་༡༥༣ ཟད་འགྲོ་བཏང་ཡོདཔ་ཨིན་པས།
རྫོང་བདག་ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ལྷ་ཁང་བསྐྱར་བཞེངས་ཀྱི་ རྩིས་ཞིབ་ག་ར་ མཇུག་བསྡུ་ཚར་ཡི་ཟེར་ཨིནམ་ད་ འཆར་གཞི་ནང་མ་ཚད་པའི་ མི་མང་གསང་སྤྱོད་དང་ བྱང་རྩིག་ དེ་ལས་ ཨེ་ཁུ་ལ་སོགས་པའི་ བཟོ་བཀོད་མང་རབས་ཅིག་ བཟོ་སྐྲུན་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *