ཧཱ་ལུ་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་ཡོདཔ།

༉ ཧཱ་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་བརྟག་དཔྱད་ ལན་ཐེངས་དག་པ་ཅིག་ར་ འགོ་འདྲེན་འཐབ་མི་ལུ་བརྟེན་ མི་སྡེའི་ནང་ ནད་ཡམས་ཁྱབ་སྤེལ་མེདཔ་སྦེ་ མཐོང་བའི་ཤུལ་ལས་ ཀོ་བིཌ་-༡༩ འི་ལས་བྱེད་ཚོགས་ཆུང་གིས་ ཚོས་གཞི་ལྕང་ཁ་འབད་མི་ ས་ཁོངས་ཚུ་ནང་ ཁ་ཙ་ལས་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་ཡོདཔ་ཨིན་པས།

རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ ཙི་ལུང་ཁ་དང་ དབུས་སུ་རྒེད་འོག་གི་ སྦས་མཚོ་གཡུས་ཚན་དང་ སྐར་ཚོགས་རྒེད་འོག་གི་ དཀར་འཇལ་ནང་ དེ་ལས་ ནག་མཚོ་གཡུས་ཚན་ཚུ་མ་གཏོགས་ སྤྱིར་བཏང་ཧཱ་རྫོང་ཁག་དེ་ ཚོས་གཞི་ལྕང་ཁ་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

གཡུས་ཚན་དེ་ཚུ་ ཚོས་གཞི་སེརཔོ་ཨིནམ་སྦེ་ ངོས་འཛིན་འབད་མི་དེ་ཡང་ འགོ་དང་པ་ ནད་འབུབ་ཐོབ་མིའི་ འབྲེལ་བ་ཅན་ཚུ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།

ལས་བྱེད་ཚོགས་ཆུང་གིས་ ཉེན་ཁའི་དབྱེ་ཞིབ་འབད་བའི་སྐབས་ལུ་ ཧཱ་ཁྲོམ་ཡང་ ཚོས་གཞི་སེརཔོ་གི་གྲངས་སུ་ ཚུད་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།

ཧཱ་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཁོངས་ཀྱི་དབྱེ་བ་ཚུ་ གསོ་བའི་བརྟག་དཔྱད་ཚུ་དང་འཁྲིལ་ བསྒྱུར་བཅོས་འགྱོ་འོང་ཟེར་ཨིན་པས།

ཚོས་གཞི་སེརཔོ་གི་ ས་ཁོངས་ནང་ སྡོད་མི་ཚུ་རྐྱངམ་གཅིག་མ་གཏོགས་ ས་གནས་གཞན་ཁར་སྡོད་མི་ཚུ་གིས་ རང་སོའི་རྒེད་འོག་ནང་ འགྲོ་འགྲུལ་འབད་ཆོག་ནི་དང་ སོ་ནམ་གྱི་ལཱ་དང་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ རང་སྲུང་ཐབས་ལམ་ཚུ་བཏོན་ཐོག་ལས་ འབད་ཆོག་ཟེར་ཨིན་པས།

མ་གཞི་ ཚོས་གཞི་ལྗང་ཁུའི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ ཚོས་གཞི་སེརཔོ་གི་ས་ཁོངས་ནང་ འཛུལ་ཆོག་ནི་ཨིན་རུང་ རང་སོའི་ཁྱིམ་ནང་ ཟུར་བཞག་མ་འབད་བའི་ཧེ་མ་དང་ མཇུག་བསྡུ་བའི་ཤུལ་ལུ་ ཨེན་ཊི་ཇེན་བརྟག་དཔྱད་ཚུ་ འབད་དགོ་ནི་ཨིན་པས།

ཨིན་རུང་ མཁོ་ཆེ་བའི་ སྣུམ་འཁོར་ཚུ་མ་གཏོགས་ གཞན་ཚུ་ འགྲོ་འགྲུལ་འབད་མི་ཆོག་ནི་དང་ མཁོ་གལ་ཆེ་བའི་ ཅ་ཆས་བཙོང་མི་ ཚོང་ཁང་ཚུ་ཡང་ དྲོ་པའི་ཆུ་ཚོད་༩ ལས་༦ ཚུན་ སྒོ་ཕྱེ་ཆོག་ནི་ཨིན་པས།

གསོལ་ཁ་དང་ རིམ་གྲོ་ཚུ་ཡང་ མི་༣ གིས་མ་གཏོགས་ འབད་མི་ཆོག་ནི་དང་ བླམ་ཆོསཔ་ཚུ་ཡང་ རང་གི་གཡུས་ཚན་གྱི་ ཕྱི་ཁ་ལས་ འཚོལ་མ་ཆོགཔ་ཨིན་པས།

གསལ་བསྒྲགས་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ སྨན་བཅོས་ཀྱི་ཞབས་ཏོག་དགོ་མི་དང་ ཚ་རིམས་སྨན་ཁང་ཚུ་ནང་ འགྱོ་དགོཔ་འཐོན་པ་ཅིན་ བརྒྱུད་འཕྲིན་ཨང་༡༠༠༨ ནང་ འབྲེལ་བ་འཐབ་དགོཔ་བཞིན་དུ་ རྒྱབ་སྐྱོར་འཐོབ་ནི་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ལས་ འོང་མི་ཚུ་འབད་བ་ཅིན་ བདུན་ཕྲག་༡ གི་རིང་ རང་གི་ཁྱིམ་ནང་ ཟུར་བཞག་སྡོད་དེ་ བརྟག་དཔྱད་ཚུ་ འབད་དགོཔ་ཨིན་པས།

མི་ཚུ་གིས་ ཧཱ་ཁྲོམ་ནང་འཁོད་ནང་འབད་བ་ཅིན་ འགྲོ་འགྲུལ་དེ་ཡང་ དྲོ་པའི་ཆུ་ཚོད་༡༠ ལས་ ཕྱི་འི་ཆུ་ཚོད་༤ ཚུན་ རང་སོའི་འགྲོ་འགྲུལ་ཆོག་ཐམ་ཚུ་འབག་སྟེ་ འབད་ཆོག་ནི་ཨིན་པས།

ས་ཁོངས་ཚོས་གཞི་སེརཔོ་ནང་ སྡོད་མི་ཚུ་འབད་བ་ཅིན་ རང་སོའི་ས་ཁོངས་ནང་རྐྱངམ་གཅིག་ འགྲོ་འགྲུལ་འབད་ཆོག་ནི་ཨིན་རུང་ རིམ་གྲོ་དང་ ལོ་ཆོག་ དེ་ལས་ རྩེད་རིགས་ཚུ་ རྩེད་མི་ཆོག་ནི་ཨིན་པས།

ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འགྲོ་འགྲུལ་བཀག་དམ་གྱི་སྐོར་ལས་ ཉོགས་བཤད་བཀོད་ནི་མེན་པར་ མི་སྡེའི་ནང་ ནད་འབུབ་དེ་ ད་རུང་ ཡོད་སྲིད་ནི་ཨིནམ་ལས་ ཕར་འགྱངས་འབད་དགོ་པའི་ བརྒྱུད་འཕྲིན་ཚུ་ཡང་ ལྷོད་ཅི་ཟེར་ཨིན་པས།

ཨིན་རུང་ མི་སེར་ཚུ་གིས་ སྒྲིག་གཞི་ཚུ་དང་འཁྲིལ་ ལཱ་འབད་བ་ཅིན་ ཉེན་ཁ་མི་འོང་ནི་དང་ དེ་མིན་པ་ཅིན་ དུས་མཐུན་གྱི་ལཱ་ ལེ་ཤ་ཅིག་ར་ ཕྱི་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

རྫོང་ཁག་གི་ འགྲོ་འགྲུལ་ཐོ་བཀོད་དང་འཁྲིལཝ་ད་ འགྲོ་འགྲུལ་བཀག་དམ་གྱི་ བདུན་ཕྲག་༢ ཀྱི་ཧེ་མར་ མི་གྲངས་༤,༧༠༠ ཧཱ་དང་ སྤ་རོ་ དེ་ལས་ ཐིམ་ཕུག་གི་བར་ན་ འགྲོ་འགྲུལ་འབད་ནུག་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *