ཧཱ་རྫོང་ཁག་གིས་ རྫོང་ཁག་གཞན་དང་འབྲེལ་བ་མེདཔ་སྦེ་ ལག་ལེན་འཐབ་ནི།

༉ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཡར་སེང་འགྱོ་མི་དང་ ཐིམ་ཕུག་ལས་ མི་༣ ལུ་ ནད་ཡམས་ཐོབ་མི་ལུ་བརྟེན་ ཧཱ་རྫོང་ཁག་གིས་ རང་རྩེ་གནས་ནང་ གནས་སྐོར་འགྱོ་མི་ཚུ་ བཀག་ཆ་འབད་ཡོདཔ་མ་ཚད་ རྫོང་ཁག་ཚོགས་འདུ་དེ་ཡང་ ཕར་འགྱངས་འབད་ཡོདཔ་ཨིན་པས།

ཧཱ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ འཕྲིན་ལས་ཀྱིས་ བཤད་མིའི་ནང་ ལོ་བསྟར་རྫོང་ཁག་ཚོགས་འདུ་དེ་ མི་མང་སྤུངས་འཛོམས་འབད་ནི་ལས་ འཛེམ་ཐབས་ལུ་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ ཧཱ་རྫོང་ཁག་དེ་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ ཕུན་ཚོགས་གླིང་དང་བསམ་རྩེ་དང་གཅིག་ཁར་ ས་ མཚམས་མཐུད་སྦྲེལ་འབད་དེ་ཡོདཔ་ལས་ ཉེན་ཁ་ཆེ་བས་ཟེར་ཨིན་པས།

ཧཱ་ལུ་འབད་བ་ཅིན་ མི་ཚུ་གིས་ རྒྱལ་ས་ལྟེ་བ་ནང་བཟུམ་སྦེ་ མི་ཚུ་གིས་ ཚོང་ཆས་ཚུ་ འུར་བྱེལ་འཐབ་སྟེ་ མི་ཉོ་དོ་ཡོདཔ་ད་ མི་ཚུ་ ཞིང་ནང་ལཱ་འབད་དོ་ཡོདཔ་ད་ ལ་ལོ་གིས་ ཁྱུང་བདུད་ལུ་ གསོལ་ཁ་ཕུལ་ནིའི་དོན་ལས་ ཡངས་ཐང་ལུ་ འཛོམས་ཡོདཔ་ཨིན་པས།

རྫོང་བདག་ངོ་ཚབ་ ཕུརཔ་དབང་འདུས་ཀྱིས་ བཤད་མིའི་ནང་ རྫོང་ཁག་ནང་འཁོད་ལུ་ རྩེད་རིགས་དང་ གཞན་རྩེདམོ་ཚུ་ཡང་བཀག་ཆ་མ་འབད་རུང་ རྫོང་ཁག་གཞན་ཁའི་མི་ཚུ་གིས་ གྲལ་གཏོགས་འབད་དགོ་པའི་ ལས་རིམ་དང་ འཛོམས་འདུའི་རིགས་ཚུ་ འབད་མི་བཅུག་ཟེར་ཨིནམ་ད་ རྫོང་ཁག་དེ་ གཞན་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་ཟེར་ཨིན་པས།

དཔེར་ན་ རྫོང་ཁག་གིས་ བདུན་ཕྲག་མཇུག་ལུ་ ཉིནམ་གཉིས་ཀྱི་ ལས་རིམ་ཅིག་ནང་ འོང་མི་ཚུ་ བཀག་ཆ་འབད་ཡོདཔ་ད་ རྫོང་ཁག་ཚོགས་འདུའི་ནང་ ཐིམ་ཕུག་ལས་ འགོ་དཔོན་ཚུ་འོང་དགོཔ་ལས་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

གསང་སྦས་ཁ་གི་ རང་རྩེ་གནས་ནང་འགྱོ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ སྤྱི་ཟླ་༤ པའི་ཚེས་༢༣ ལས་ བཀག་ཆའི་གསལ་བསྒྲགས་ འབད་ཡོདཔ་ཨིན་པས།

སྤ་རོ་རྫོང་ཁག་གིས་ཡང་ མི་མང་གིས་ དྲནམ་བཏོན་ཏེ་ སྡོད་དགོཔ་སྦེ་སླབ་ཡོདཔ་ད་ རྫོང་བདག་ངོ་ཚབ་ ཀུན་ལེགས་རྒྱལ་ མཚན་གྱིས་ སླབ་མིའི་ནང་ རྫོང་ཁག་གིས་ རྩེད་རིགས་དང་ གཞན་རྩེདམོ་ཚུ་ བཀག་ཆ་མ་འབད་རུང་ གསོ་བའི་སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ གནས་དགོ་པའི་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་གིས་ ཁྲོམ་ནང་ ལྟ་རྟོག་འབད་དོ་ཟེར་ཨིནམ་ད་ མི་ལ་ལོ་ཅིག་གིས་ སྨན་ཁབ་བཙུགས་པའི་ཤུལ་ལས་ ཁ་རས་ལག་ལེན་མ་འཐབ་མི་ཚུ་ཡང་ ཉེན་བརྡ་འབད་དེ་ཡོད་ཟེར་ཨིན་པས།

སྤ་རོ་ལུ་སྡོད་མི་ དབང་ཆེན་སྒྲོལ་མ་གིས་ བཤད་མིའི་ནང་ ཧེ་མ་བཟུམ་སྦེ་ མི་ཚུ་གིས་ ག་ཐོབ་རྐྱབ་མི་མེད་པའི་ཁར་ འགྲོ་ འགྲུལ་བཀག་དམ་འབད་རུང་ ཞབས་ཏོག་ཚུ་ འཐོབ་ཚུགསཔ་ལས་ ཚ་གྱང་མེད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *