༉ ཧཱ་དང་ སྤ་རོ་རྫོང་ཁག་༢ ནང་ ས་གནས་གཞུང་གི་ གོ་གནས་ཚུ་གི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༢༧༦ དེ་ཅིག་ཡོད་མི་ལས་ ཨམ་སྲུ་༥༡ གིས་ གོ་གནས་སོ་སོའི་དོན་ལུ་ དོ་འགྲན་འབདཝ་ཨིན་པས།
ཨམ་སྲུ་འདེམས་ངོ་མང་ཤོས་ཅིག་གིས་ར་ ཚོགས་པའི་ས་སྟོང་༤༥ ཡོད་མི་ལུ་ སྤྲོ་བ་བསྐྱེདཔ་ཨིན་པས།
སྤ་རོ་ཧཱུྃ་རལ་ཁ་-བྱང་གསར་བུ་སྤྱི་འོག་ལས་ ཚོགས་པ་བགྲེསཔ་ འདེམས་ངོ་གཡུ་སྒྲོན་གྱིས་ ཚོགས་པའི་གནས་ཡུན་ལན་ཐེངས་༢ ཕྱག་ཞུ་བའི་ཤུལ་ལུ་ ད་རེས་ དམངས་མིའི་དོན་ལུ་ དོ་འགྲན་འབད་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ མོ་ལུ་ ས་གནས་གཞུང་གི་ འགན་ཁུར་དང་ ལཱ་གི་ཉམས་མྱོང་དང་ ཤེས་རྟོགས་ཡོདཔ་ལས་ རྒེད་འོག་ནང་ ཁྱད་པར་བཟོ་ཚུགས་པའི་ བློ་སྟོབས་ཐོབ་ཡོདཔ་བཞིན་དུ་ ད་རེས་ རྒེད་འོག་ནང་གི་ མི་སེར་ཆ་མཉམ་ལུ་ ཕྱག་ཞུ་ནིའི་ དུས་ཚོད་ཨིན་ཟེར་ཨིན་པས།
མོ་གིས་ ཨམ་སྲུ་དང་ ན་གཞོན་གཞན་ཚུ་ལུ་ ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ མི་སྡེ་ལུ་ ཕྱག་ཞུ་དགོ་པའི་ སེམས་ཤུགས་བསྐྱེད་འོང་ཟེར་ བཤདཔ་ཨིན་པས།
རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཨམ་སྲུ་གཞན་ཅིག་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཨམ་སྲུ་ཚུ་ལུ་ དབང་ཚད་དང་ གོ་སྐབས་བྱིན་ནི་ལུ་ ཆ་བཞགཔ་མ་ཚད་ ཁོང་གི་གྲོས་ཆོད་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ལས་ མི་སྡེའི་མནོ་ལུགས་མ་འདྲཝ་ཚུ་ སྤང་ཐོག་ལས་ འོས་འབབ་ཅན་གྱི་ འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཧཱ་དང་སྤ་རོ་ལས་ ཨམ་སྲུ་རྒཔོ་འབད་མི་མེདཔ་ལས་ ད་རེས་ འགྱུར་བ་གསརཔ་ཅིག་ འབག་འོང་ཐོག་ལས་ ཨམ་སྲུ་གཞན་ཚུ་ལུ་ སེམས་ཤུགས་བསྐྱེད་ནིའི་ དུས་ཚོད་རན་ཡི་ཟེར་ཨིན་པས།
ད་རུང་ མོ་གིས་ སླབ་མིའི་ནང་ ཕོ་སྐྱེས་དང་ ཨམ་སྲུ་གཉིས་ཆ་ར་ལུ་ ཐོབ་དབང་དང་ གོ་སྐབས་འདྲ་མཉམ་ཡོདཔ་མ་ཚད་ ཨམ་སྲུ་ཚུ་གིས་ འགོ་ཁྲིད་པའི་ འགན་ཁུན་འབག་ནིའི་ནང་ བཅའ་མར་གཏོགས་ནི་དེ་ གལ་ཆེ་བའི་ཁར་ ཨམ་སྲུ་འགོ་ཁྲིདཔ་དེ་གིས་ མི་སྡེ་ནང་ བསྒྱུར་བཅོས་རྒྱ་ཆེཝ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
སྤ་རོ་ལུ་ འདེམས་ངོ་༡༧༠ གིས་ ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་དོ་ཡོདཔ་ད་ གདམ་ངོའི་འཛོམས་འདུ་ཚུ་ མཇུག་བསྡུ་མི་དང་བསྟུན་ རྫོང་ཁག་གི་ རྒེད་འོག་༡༠ ནང་ རྒཔོ་འབད་འདོད་ཡོད་མི་ འདེམས་ངོ་༣༣ དང་ དམངས་མིའི་གོ་གནས་ལུ་ འདེམས་ངོ་༣༤ ཡོདཔ་ཨིན་པས།
དེ་ལས་ སྤྱི་འོག་༤༧ ལས་ ཚོགས་པའི་འདེམས་ངོ་༡༠༢ ཡོདཔ་ད་ ལུང་ཉིད་དང་ ཤར་པ་ དོལཔ་ཤར་རིའི་ སྤྱི་འོག་རེ་ལས་ ཚོགས་པའི་འདེམས་ངོ་མེད་མི་དེ་ཡང་ གདམ་ངོ་ཚུ་ རང་སོའི་ཁས་བླངས་ཐོག་ལས་ ཕྱིར་ཐོན་ནམ་ རྒྱབ་བཤུད་རྐྱབ་རྐྱབ་ ཡང་ཅིན་ སྲིད་ཚོགས་དང་ འབྲེལ་བ་ཡོད་པའི་ གནད་དོན་ལུ་བརྟེན་ འདེམས་ངོ་ཆ་མེད་སོང་ནི་དེ་གིས་ཨིན་པས།
སྤ་རོ་ལུ་ རྒཔོ་གི་གོ་གནས་དོན་ལུ་ ཨམ་སྲུ་འདེམས་ངོ་༣ དང་ དམངས་མིའི་དོན་ལུ་༣ ཚོགས་པའི་དོན་ལུ་༢༩ དེ་ལས་ ཁྲོམ་སྡེའི་ངོ་ཚབ་ཀྱི་ འདེམས་ངོ་ཨམ་སྲུ་༡ ཡོདཔ་ཨིན་པས།
བཙན་ཏོག་དང་ ཧཱུྃ་རལ་ རྡོ་སྟེང་རྒེད་འོག་གསུམ་ནང་མ་གཏོགས་ རྒཔོ་བགྲེསཔ་གཞན་༧ གྱིས་ གདམ་ངོའི་འཛོམས་འདུ་ཚུ་ནང་ དོ་འགྲན་འབད་ཡོད་མི་ལས་ ནགས་རྒྱ་དང་ ཝང་ཅང་རྒཔོ་བགྲེསཔ་༢ གདམ་འཐུ་གྲུབ་མ་ཚུགས་པས།
ད་རིས་ཀྱི་ བཙག་འཐུ་ནང་ རྒཔོ་གི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་གསརཔ་༢༨ ཡོདཔ་ཨིན་པས།
སྤ་རོ་ལས་ བཙག་འཐུ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཉོགས་བཤད་ལུ་བརྟེན་ འདེམས་ངོ་ཆ་མེད་གཏང་དགོཔ་ ཕུད་རྡོག་གཅིག་ཡང་ མ་ཐོན་རུང་ ཚོགས་པའི་དོན་ལུ་ བཅའ་མར་གཏོགས་མི་༨ སྲིད་ཚོགས་ཀྱི་ འབྲེལ་བ་ཡོད་མི་ལུ་བརྟེན་ འདེམས་ངོ་ཆ་མེད་བཏང་པའི་ཁར་ གདམ་ངོ་༡ སྒེར་གྱི་གནད་དོན་ཐོག་ལུ་ རྒྱབ་བཤུད་རྐྱབ་ཅི་ཟེར་ཨིན་པས།
ཧཱ་རྫོང་ཁག་ནང་འབད་བ་ཅིན་ འདེམས་ངོ་༡༠༦ དེ་ཅིག་གིས་ ས་གནས་གཞུང་གི་ གོ་གནས་སོ་སོའི་དོན་ལུ་ དོ་འགྲན་འབད་དོ་ཡོདཔ་ད་ དེ་ཡང་ རྒཔོ་གི་དོན་ལུ་ འདེམས་ངོ་༡༨ དང་༢༠ གིས་དམངས་མི་ དེ་ལས་ ཚོགས་པའི་དོན་ལུ་ འདེམས་ངོ་༦༤ དང་ ཁྲོམ་སྡེའི་ངོ་ཚབ་ལུ་ འདེམས་ངོ་༤ ཡོདཔ་ཨིན་པས།
དེ་འབདཝ་ད་ རྒཔོ་གི་གོ་གནས་དོན་ལུ་ འདེམས་ངོ་ཨམ་སྲུ་མེད་རུང་ སྐར་ཚོགས་རྒེད་འོག་གི་ དམངས་མིའི་དོན་ལུ་ དོ་འགྲན་འབད་མི་ ཨམ་སྲུ་༢ དང་ ཚོགས་པའི་འདེམས་ངོ་༡༣ ཡོདཔ་ཨིན་པས།
རྒཔོ་གི་འདེམས་ངོ་གསརཔ་ཅིག་གིས་ སླབ་མིའི་ནང་ ས་གནས་གཞུང་གིས་ མི་སྡེ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ འཁོར་ལམ་དང་ འཐུང་ཆུ་ ཞིང་ཆུ་ གློག་མེའི་མཐུན་རྐྱེན་གྱི་ ཐོབ་སྤྱོད་ཡར་དྲག་གཏང་དགོཔ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་ འགྱུར་བ་འབག་འོང་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གདམ་ཁ་བྱིན་ནིའི་ དུས་ཚོད་དེ་ ད་ལྟོ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཧཱ་ལུ་ ས་གནས་གཞུང་གི་ རྒཔོ་དང་ དམངས་མི་གདམ་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་བསྒང་།