ཧཱ་གསང་སྦས་ཁ་ལུ་ མཐོང་གསལ་བྱུང་ ནུབ་གླང་གི་རིགས་ཅིག།

ཧཱ་གི་ ནུབ་གླང་རིགས༌ཀྱི༌ནོར་ ཉམས་འགྱོ་བའི་ཚ་གྱང་།

༉ ཧཱ་རྫོང་ཁག་ གསང་སྦས་ཁ་རྒེད་འོག་ནང་ དང་ཕུ་ལས་ཡོད་མི་ ནུབ་གླང་ཟེར་མི་ ནོར་གྱི་རིགས་དེ་ ལོ་བསྟར་བཞིན་དུ་ ཉམས་འགྱོ་ནི་དེ་གིས་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ ནུབ་གླང་དེ་ ས་གནས་ཀྱི་ ནོར་རིགས་ཚུ་དང་ཕྱདཔ་ད་
རིགས་བཟང་ཤོས་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ ནུབ་གླང་གི་རིགས་ སྟོང་ཕྲག་ལས་བཅད་དེ་ཡོདཔ་ཨིན་རུང་ ད་རེས་ བ་དང་གླང་ བོའུ་ཅུང་ཚུ་བསྡོམས་ཏེ་༡,༧༠༠ ལས་བརྒལ་མེདཔ་ད་ ནུབ་གླང་གི་རིགས་ ཉམས་འགྱོ་མི་དེ་ གཡུས་མི་ཚུ་གིས་ ཇར་སི་བ་གསོ་ནི་ལུ་ སྤྲོ་བ་བསྐྱེད་ནི་དེ་གིས་ཨིན་པས།
གསང་སྦས་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ལས་རོགསཔ་ ནུབ་ཚེ་རིང་གིས་ སླབ་མིའི་ནང་ མི་ཚུ་གིས་ ཇར་སི་བ་གསོ་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཨོམ་གྱི་ཐོན་སྐྱེད་ མངམ་སྦེ་བྱིན་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ནུབ་གླང་རིགས་ཀྱི་བ་༡ གིས་ ཨོམ་ལི་ཊར་༡ དང་༣ དེ་ཅིག་ལས་བརྒལ་བྱིན་ནི་མེད་རུང་ ཇར་སི་བ་གིས་ ལི་ཊར་༥ ལས་ལྷག་ཏེ་ བྱིན་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ ཁྱིམ་གུང་པ་༣༠༠ ལྷགཔ་ཅིག་ཡོད་མི་ ག་ར་གིས་ ནུབ་གླང་གསོ་ནི་ཡོད་རུང་ ད་རེས་ མི་མང་ཤོས་ཅིག་གིས་ གསོ་ནི་མེདཔ་ཨིན་རུང་ གཡུས་མི་ཚུ་གིས་ གསང་སྦས་རྒེད་འོག་དེ་ ནུབ་གླང་ཐོན་སའི་ ས་གནས་ཨིན་ཟེར་རྔམ་སྟོན་དོ་ཡོདཔ་ཨིན་པས།
ད་རེས་ ནུབ་གླང་གི་རིགས་གསོ་མི་ གཡུས་མི་ཚུ་གི་གྲས་ལས་གཅིག་ ནེ་སྦིས་དགོན་པའི་གཡུས་ཚན་ལས་ སྐྱེས་ལོ་༤༣ ལང་མི་ པདྨ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་གིས་ ནུབ་གླང་རིགས་ཀྱི་ ནོར་གསོ་ནི་ལུ་ སྤྲོ་བ་ཡོདཔ་བཞིན་དུ་ མོ་ལུ་བ་ཅིག་ཡོད་མི་དེ་གིས་ ཉིནམ་༡ ལུ་ ཨོམ་ལི་ཊར་ཕྱེད་དང་༢ དེ་ཅིག་ བྱིན་དོ་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ནུབ་གླང་གསོ་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ ནུབ་གླང་རིགས་ཀྱི་ ནོར་ཚུ་ འགྲེམས་སྟོན་འབད་བའི་སྐབས་ པདྨ་གི་བ་ ནོར་ཚུ་གི་གྲས་ལས་ ཨང་དང་པ་ཐོན་ནི་དེ་གིས་ གསོལ་རས་ དངུལ་ཀྲམ་༣,༠༠༠ ཐོབ་ནུག།
གསང་སྦས་རྒེད་འོག་གི་ མི་ཚུ་གིས་ ནུབ་གླང་ལུ་ རྔམ་སྟོན་མི་དེ་ ནུབ་གླང་དེ་ ཧཱ་ལུང་ཕྱོགས་ལུ་ ཡོངས་གྲགས་ཅན་གྱི་མཚོ་ ནུབ་མཚོ་ན་པ་ཏྲ་ལས་ བྱུང་ཡོདཔ་སྦེ་ཨིནམ་ད་ ད་རེས་ ནོར་གྱི་རིགས་དེ་ ཧཱ་རྫོང་ཁག་དེ་ནང་མ་གཏོགས་ གཞན་ཁ་མེདཔ་ཨིན་པས།
རྒཔོ་བགྲེསཔ་ མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ ཕམ་ཚུ་གི་ ངག་རྒྱུན་དང་འཁྲིལ་བ་ཅིན་ ཧེ་མ་ གསང་སྦས་ཁའི་ཤར་ཁ་ཐུག་གི་ པོ་གོ་མ་རི་ལུ་ ནོར་རྫིཔ་ཅིག་སྡོད་པའི་སྐབས་ ཕྱི་རུ་ཁམས་ཅིག་ཁར་ རྨགཔ་དང་ ཨམ་སྲུ་གཉིས་ གནསཔོ་བརྙ་བར་འོང་སྟེ་ ཞག་༡ ཁོ༌གི༌ཁྱིམ༌ནང༌ སྡོད༌ཅི༌ཟེར༌ ཨིན༌པས།
དེ༌ལས༌ ཕྱི༌རུ༌ཉལ༌ནི༌འབད༌ བའི༌སྐབས༌ ནུབ་མོར་ ཁོང་༢ མ་བལྟ་ཟེར་ སླབ༌པའི༌སྐབས༌ ནོར་རྫིཔ་དེ་ ཤེས་འདོད་བསྐྱེད་དེ་ ཁོང་གཉིས་ཉལ་སར་ གཡིབ་སྟེ་ལྟ་བའི་སྐབས་ ཁོང་༢ སྦུལ་ལུ་གྱུར་ཡོདཔ༌ མཐོང་བའི་ཤུལ་ལས་ དེའི་ནངས་པར་ ནོར༌རྫིཔ༌དེ༌གིས༌ ཁོང་༢ ལུ་ དཀར་གསུམ་མངར་གསུམ་གྱི་ བཞེས་སྒོ་ཚུ་ལེགས༌ ཤོམ༌སྦེ་ བྱིན་པའི་སྐབས་ ཁོང་༢ སེམས་དགའ་སྟེ་ ཉིནམ་༢ ཀྱི་ཤུལ་ལས་ ཁོ་ལུ་གླང་༡ གཏང་ནི་ཟེར་སླབ་སྟེ༌ ཁོང༌༢ ལ༌ཁར༌ སོང༌ཡི༌ཟེར༌ཨིན༌པས།
དེ་ལས་ ཉིནམ་༢ ཀྱི་ཤུལ་ལས་ ད་རེས་ཡོད་པའི་ ནུབ་མཚོ་གནག་པ་ཏྲ་ཁ་ཐུག་ལས་ གླང་མ་འདྲཝ་ཅིག་འོང་སྟེ་ ནོར་རྫིཔ་དེ་གིས་ བ་ཚུ་དང་གཅིག་ཁར་ སླ་བསྲེས་སྡོད་པའི༌སྐབས༌ ཁོ་གི་ནོར་ཚད་ལས་བརྒལ་ཏེ༌ བལྟ༌མ༌ཚུགས༌ པའི༌ དཀའ༌ངལ༌ཐོནམ་ད༌ རི་ཁ་ལས་བཏང་མི་ གླང་དེ་ ནོར༌རྫིཔ༌དེ༌གིས༌ མདའ་རྐྱབ་སྟེ་ བསད་དགོཔ་ཐོན་ཡོདཔ་ད་ དེ༌ བསྒང༌ གླང༌དེ༌གིས་ ལོག༌ལ༌ཁར༌ སོང༌སྡོད་པའི༌སྐབས༌ ཁྲག༌གི༌མཚོ༌ ལུ༌གྱུར༌ཏེ༌ ཡལ༌སོཔ༌སྦེ༌ཨིནམ༌ད༌ ཁྲག༌གི༌མཚོ༌དེ༌ ད༌ལྟོའི་བར༌ན༌ཡང་ ཁ་དོག༌དམརཔོ༌སྦེ༌ མཇལ༌ཚུགས༌ དོ༌ཡོདཔ༌ཨིན༌པས།
དེའི༌ཤུལ༌ལས༌ གླང༌དེ༌ལས༌ བརྒྱུད༌མི༌ ནོར༌གྱི༌རིགས༌ལུ༌ ནུབ༌གླང༌ཟེར༌ སླབ༌ཡོདཔ༌ད༌ ད༌རེས༌ ཧཱ༌གི༌མི༌ཚུ༌གིས༌ ནོར༌ དེ༌ལུ༌ དཔའ༌ཉམས༌སྦོམ༌ བསྐྱེད༌ མི༌དེ༌ཡང་ ནོར་དེ་ ནུབ་མཚོ་གནག་པ་ཏྲ་གིས་ དངོས་གྲུབ་གནང་གནངམ་ཨིན༌ཟེར༌ སླབ༌སྲོལ༌ ཡོདཔ༌ད༌ ནུབ་གླང་དེ་ སྤྱིར་བཏང་ནོར་གཞན་ཚུ་དང་ཕྱདཔ་ད་ མ༌ འདྲཝ༌ཅིག༌སྦེ་ མཐོངམ༌ཨིན༌པས།
མགོནམ༌ཚེ༌རིང༌གིས༌ སླབ༌ མིའི༌ནང༌ ཉིནམ་༢ དེ་ཅིག་གི་ཤུལ་ལས་ ཁོང་རྨགཔ་དང་ ཨམ་སྲུ་༢ ད་རེས་ ནུབ་མཚོ་ནག་པ་ཏྲ་ཆགས་སར༌ གཡག་འཚོ་སྡོད་མི་ འབྱོགཔ་གི་གྱང་སར་ལྷོད༌དེ༌ གནསཔོ་བརྙཝ་ད་ བྱིན་མ་བཏུབ་པའི༌སྐབས༌ ཁོང་༢ ཀྱིས་ འ་ནི་དེ་ ཁོང༌གི༌ས༌ཨིན༌ ཁྱོད་འ༌ན་སྡོད༌དགོཔ༌མིན༌འདུག༌ཟེར༌ འབྱོགཔ་བདའ༌བའི༌སྐབས༌ ཙིགཔ་ཟ་སྟེ་ ཁོང༌༢ ལུ༌ འབྱོག་ཁྱི་བཏང་པའི་སྐབས་ ཁོང་༢ ཀྱིས་ སྦ༌འབག༌མི༌ལས༌ ཆུ་བཏོན་བཏངམ༌ཅིག༌ ས༌གནས༌དེ༌ མཚོ་ལུ་གྱུར་ཏེ་ འབྱོགཔ་དང་ཁྱི་ཚུ་ག༌ར༌ མཚོ་ནང་འཐིམས་ཏེ༌ ཤི༌ ཡོདཔ༌ད༌ དེ༌ལས༌ཚུར༌ ནུབ༌མཚོ༌ གནག༌པ༌ཏྲ༌དེ༌ ཆགས༌ཡོད༌པའི༌ ལོ༌རྒྱུས༌ཡོདཔ༌ཨིན༌པས།
སྤྱིར༌བཏང༌ ནོར༌ཚུ༌དང༌ཕྱདཔ༌ ད༌ ནུབ་གླང་སོ༌སོར༌ཡོད༌མི༌དེ༌ ཁོང༌གི༌ཚེ་ཚད་དེ་ཡང་ ལོ་༣༠ དེ་ཅིག་ སྡོད་ཚུགས་དོ་ཡོདཔ་མ་ཚད་ ནོར་གཞན་ཚུ་དང་ཕྱདཔ་ད་ ནད་གཞི་ཡང་ ཐོབ་ནི་མེད་ཟེར་ཨིནམ་ད་ ནུབ་གླང་དེ་ གཟུགས་སྦོམ་པའི་ཁར་ རྒྱུ་མ་ཡང་སྦོམ་ རྭཝ་རིངམོ་ དེ་ལས་ བཀྱག་གནགཔོ་དང་ དམརཔོ་སྦེ་ཡོདཔ་ད་ ནུབ་གླང་ཚུ་ ཁེ་རྒོ་ཡོདཔ་ལས་ གཡུས་གླང་དང་ཕྱདཔ་ད་ ཞིང་རྨོ་ནི་ལུ་ལེ་ཤ་གིས་ དྲག་དོ༌ཡོདཔ༌ ཨིན༌པས།
ཧེ་མ་འབད་བ་ཅིན་ གཡུས་མི་མང་ཤོས་ཅིག་གིས་ ཞིང་རྨོ་ནིའི་དོན་ལུ་ ནུབ༌གླང༌དེ༌ར་ ལག་ལེན་འཐབ་རུང་ ད་རེས་ གཡུས་ཁར་ཞིང་རྨོ་ནིའི་འཕྲུལ་ཆས་ པ་ཝར་ཊི་ལར་ལྷོད་ནི་དེ་གིས་ ནུབ་གླང་ཚུ་ ཕ་གླང་སྦེ་ བཞག་དོ་ཡོདཔ་ད༌ ནུབ་གླང་རིགས་ ཉམས་སྲུང་འབད་ནིའི་དོན་ལུ་ སོ་ནམ་ལྷན་ཁག་དང་ འཛམ་གླིང་རང་བཞིན་གནས་སྟངས་སྲུང་སྐྱོབ་མ་དངུལ་ཐོག་ལས་ ནུབ་གླང་ཉམས་སྲུང་ཚོགས་པ་ཟེར་མི་ཅིག་ བློ་གཏད་མ་དངུལ་ དངུལ་ཀྲམ་༡༠༠,༠༠༠ གི་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་༣༢ ལུ་ གཞུང་གིས་ ནོར་གྱི་བྱང་ས་ བཟོ་ནིའི་དོན་དོན་ལུ་ ཅ་ཆས་དང་ ཤིང་དང་རྡོ་ དེ་ལས་ རྩི་ས་ ར་བ་ དེ་ལས་ རྩྭ་སོན་ཚུ་ རིན་མེད་སྟོང་པར་གནང་ཡོདཔ་ད་ ཚོགས་པ་དེ་གིས་ ནུབ་གླང་རིགས་ཀྱི་ནོར་ བདག་འཛིན་འཐབ་ཐོག་ལས་ དེའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ ཨིན༌པའི༌གནས༌ཚུལ།

ཧཱ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *