ཧཱ་གི་མཐའ་ཟུར་སློབ་གྲྭ་ཚུ་ནང་ སློབ་དཔོན་མེད་པར་ འཛིན་སྐྱོང་འཐབ་དོ་ཡོདཔ།

༉ ཧཱ་གསང་སྦས་ཁ་དྲུང་ཁག་ བོདཔ་སྦྱིས་རྒྱ་སྐྱེད་སློབ་ཁང་ནང་ འདས་པའི་ཟླཝ་༤ གི་རིང་ སློབ་སྦྱོང་འབད་མི་ སློབ་དཔོན་ཕུད་རྡོག་གཅིག་ཡང་མེདཔ་ལས་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ ཕན་རོགསཔ་ཅིག་དང་ གཞི་རྟེན་ཤེས་ཡོན་ སློབ་སྟོན་པ་ཅིག་གིས་ སློབ་ཕྲུག་༣༣ ལུ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།

རྒྱ་སྐྱེད་སློབ་ཁང་ལུ་ སློབ་དཔོན་ཕུག་རྡོག་གཅིག་ལས་མེད་མི་དེ་ དུས་ཅིའི་ ལོ་སྔ་ཆ་ལུ་ གནས་སོར་བཏང་ཡོདཔ་ད་ རྫོང་ཁག་ཤེས་རིག་ལས་ཁུངས་ཀྱིས་ ཁོང་གཉིས་ལུ་ གནས་སྐབས་ཅིག་གི་རིང་ སློབ་སྟོན་འབད་བཅུག་ཡོདཔ་ཨིན་པས།

སློབ་སྟོན་པ་༢ ལུ་ སློབ་སྦྱོང་མེདཔ་ལས་ སློབ་ཕྲུག་ཚུ་ དལཝ་མེདཔ་སྦེ་ བཞག་ནི་ཚུ་ནང་ འབྲེལ་འཛིན་འབད་བཅུག་དོ་ཡོདཔ་ད་ རྒྱ་སྐྱེད་སློབ་ཁང་དེ་ སྤྱི་ལོ་༢༠༡༢ ལུ་ མི་སྡེ་ནང་ ས་ཆ་མེད་མི་དང་ དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ནི་ དེ་ལས་ གོ་སྐབས་ཉུང་སུ་ཅིག་ལས་མེད་པའི་ མི་ཚུ་གི་དོན་ལུ་ རྒྱལ་ཡོངས་མི་ཚེ་ཉམས་གསོ་ ལས་རིམ་གྱི་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།

གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ཕན་རོགས་ པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ གཅེས་སྐྱོང་ལྟེ་བ་དེ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ འགན་ཁུར་གསརཔ་ འབག་ཚུགས་དོ་ཡོད་རུང་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ལུ་ འགན་ཁུར་ཐེབས་ཕོགསྟེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཁོང་ལུ་ སློབ་སྦྱོང་མེདཔ་ལས་ སློབ་སྟོན་འབད་མི་ལུ་ ཕམ་ཚུ་ཚ་གྱང་ལང་སྟེ་ཡོད་རུང་ སློབ་གྲྭ་ནང་ལས་ དྲོ་མཛར་དང་ཉི་མའི་ལྟོ་བྱིན་ནི་དེ་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ གཏང་ནི་འདུག་ཟེར་ཨིན་པས།

ད་ཚུན་ སློབ་ཕྲུག་༢ ཀྱིས་ སློབ་གྲྭ་གཞན་ཁར་ འཛུལ་ནིའི་དོན་ལུ་ ཐོན་སོང་་ཡོདཔ་ད་ མཐུན་རྐྱེན་ཚུ་མེདཔ་ལས་ སློབ་དཔོན་མང་ཤོས་ཀྱིས་ མཐའ་ཟུར་གྱི་ ས་གནས་ནང་ སྡོད་མི་བཏུབ་པས་ཟེར་ཨིན་པས།

པདྨ་ཆོས་སྐྱིད་ཀྱིས་འབད་བ་ཅིན་ ད་རེས་ཚུན་ཚོད་ སློབ་ཕྲུག་ཚུ་གིས་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་མ་ཚུགས་ཟེར་ཨིནམ་ད་ གནད་དོན་དེ་ བོདཔ་སྦྱིས་རྐྱངམ་གཅིག་ལུ་མེན་པར་ དགའ་སྐྱིད་གླིང་གི་ མཐའ་ཟུར་སློབ་གྲྭ་ གསེར་སྟོད་ན་ལུ་ཡང་ བློ་གསར་སློབ་རིམ་ལས་༦ པ་ཚུན་ དཔེ་ཆ་སྟོན་མི་ སློབ་དཔོན་ཕུད་རྡོག་གཅིག་ལས་མེདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ མཐུན་རྐྱེན་ཚུ་ ཡོད་པ་ཅིན་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ལས་ ཨ་ལོ་བཙུགས་མི་ མངམ་འོང་ནི་མས་ཟེར་ཨིནམ་ད་ སློབ་དཔོན་ཚེ་རིང་རྒྱ་མཚོ་གིས་ སློབ་གྲྭ་ནང་ སློབ་ཕྲུག་༢༩ ལས་མེད་རུང་ ནང་སྡོད་སློབ་ཕྲུག་གི་ གནད་དོན་ཚུ་ཡང་ བལྟ་དགོ་པས་ཟེར་ བཤདཔ་ཨིན་པས།

གནས་སྐབས་ཀྱི་ ཐབས་ལམ་ཅིག་སྦེ་ སློབ་རིམ་༡༠ པ་མཇུག་བསྡུ་མི་ སློབ་གྲྭའི་ཕྱགསམ་འཕྱག་མི་གིས་ བློ་གསར་ལས་ སློབ་རིམ་དང་པ་ཚུན་ སློབ་སྟོན་འབད་དོ་ཟེར་ཨིན་པས།

དེ་ལས་ སློབ་དཔོན་ཁོ་རའི་གནས་ཚང་ སློབ་རིམ་༡༢ པ་མཇུག་བསྡུ་མི་གིས་ སློབ་རིམ་༢ པ་དང་༣ པ་ཚུ་ལུ་ སློབ་སྟོན་འབད་དོ་ཡོདཔ་ད་ ཚེ་རིང་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་གིས་ སློབ་སྟོན་འབདཝ་དང་འབྲེལ་ འཛིན་སྐྱོང་གི་ ལཱ་ཚུ་ཡང་ འབད་དོ་ཟེར་ཨིན་པས།

ལཱ་ཚུ་ག་ར་ འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ གཏན་འཇགས་ཀྱི་སློབ་དཔོན་༣ དེ་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ ཁོ་གིས་ བཤད་པའི་ཁར་ སྣ་མང་སློབ་སྟོན་འབད་ནི་དེ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས། 

ཕམ་ཚུ་གིས་ གནད་དོན་དེ་ལུ་ ཚ་གྱང་ཡོདཔ་ལས་ ས་གནས་ཀྱི་ འགོ་ཁྲིདཔ་ཚུ་ལུ་ སླབ་སྟེ་ཡོདཔ་ད་ དགའ་སྐྱིད་གླིང་རྒཔོ་ དགེ་བཤེས་ཀྱིས་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ ཧཱ་རྫོང་ཁག་ཚོགས་འདུའི་སྐབས་ གནད་དོན་དེ་ དེ་འཕྲོ་ལས་ སེལ་དགོཔ་ཡོད་པའི་སྐོར་ གྲོས་བསྡུར་བྱུང་ཡི་ཟེར་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་ བསྟན་པ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ ཕྱིས་མི་ལུ་བརྟེན་ སློབ་ གྲྭ་ག་རའི་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ཧཱ་རྫོང་ཁག་ནང་ སློབ་དཔོན་༤༠ མ་ལང་པར་ ཡོད་ཟེར་ བཤདཔ་ཨིན་པས།

ཁོ་གིས་ བོདཔ་སྦྱིས་དང་ གསེར་སྟོད་ན་ལུ་ སྤྱི་ཟླ་༧ པའི་ནང་ལས་ གཏན་འཇགས་ཀྱི་ སློབ་དཔོན་ འཐོབ་འོང་ཟེར་ བཤད་པའི་ཁར་ བོདཔ་སྦྱིས་ལུ་ སློབ་དཔོན་༢ དང་ གསེར་སྟོད་ན་ལུ་ སློབ་དཔོན་ཐེབས་ཅིག་ འཐོབ་འོང་ཟེར་ཨིན་པས།

ཤེས་རིག་འགོ་དཔོན་གཙོ་འཛིན་གྱིས་ སློབ་ཕྲུག་ཚད་གཅིག་ལས་མེད་མི་ནང་ མཐུན་རྐྱེན་དང་ མི་སྟོབས་ལངམ་སྦེ་ མི་འཐོབ་དོ་ཡོདཔ་ལས་ སྒོ་བསྡམ་དགོ་པའི་ གྲོས་འདེབས་ཕུལ་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ གསང་སྦས་ཁ་ལུ་རྐྱངམ་གཅིག་ འབྲིང་རིམ་སློབ་གྲྭ་བར་མ་མེད་ཟེར་ བཤད་ཡོདཔ་ད་ ཁོ་གིས་ དྲུང་ཁག་དེ་ནང་ སློབ་གྲྭ་ཆུང་བ་ཚུ་ སྒོ་བསྡམས་ཏེ་ མཐུན་རྐྱེན་ཡོད་པའི་ སློབ་གྲྭ་སྦོམ་རྐྱབ་དགོ་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།

དྲུང་ཁག་གི་ སློབ་ཕྲུག་ལ་ལོ་གིས་ སྤུས་ཚད་ཡོད་མི་ མཐུན་རྐྱེན་ཚུ་འཚོལ་ཏེ་ སློབ་གྲྭ་གཞན་ཁར་ འགྱོ་དོ་ཡོདཔ་ལས་ སློབ་ཕྲུག་མ་ལང་པའི་ དཀའ་ངལ་མེད་ཟེར་ ཁོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *