གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་སྟོན་འབད་བའི་བསྒང་།

སློབ་སྟོན་གྱིས་མ་ཚད་པར་ བརྗེ་སོར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ།

༉ ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་ནི་རྐྱངམ་གཅིག་ལུ་ གཙོ་རིམ་བཟུང་དོ་ཡོད་རུང་ ཐིམ་ཕུག་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བཟུམ་ཅིག་ནང་འབད་བ་ཅིན་ སློབ་སྟོན་གྱིས་མ་ཚད་པར་ སློབ་ཕྲུག་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ བརྗེ་སོར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་འདུག།
བདུན་ཕྲག་རེ་ནང་ སློབ་ཁང་ག་རའི་ནང་ ཐུན་ཚན་སྦེ་ བཟོ་སྟེ་ཡོད་མིའི་ནང་ སློབ་ཕྲུག་ཚུ་གིས་ རང་སོའི་བསམ་འཆར་ཚུ་ བརྗེ་སོར་འབད་ནི་མེད་པ་ཅིན་ དེ་བསྒང་ རིག་རྩལ་ཤེས་ཡོན་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ གསོ་བའི་འཕྲོད་བསྟེན་དང་ལུས་སྦྱོང་ བརྡ་བརྒྱུད་ བརྩི་མཐོང་ཤེས་ཡོན་ལ་སོགས་པ་ཚུ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་ག་ར་གིས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་རྐྱངམ་གཅིག་འབད་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༧ ལས་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྟོན་གྱིས་མ་དོ་བར་ ལས་རིམ་གཞན་ཚུ་ཡང་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་འོག་ལུ་ ན་གཞོན་རྩེད་རིགས་ལས་ཁུངས་ནང་ བསླབ་སྟོན་སྡེ་ཚན་དང་ ཨིས་ཀའུཊ་ དེ་ལས་ རྩེད་རིགས་ཀྱི་ སྡེ་ཚན་ཡོད་མི་ཚུ་གི་ བཟོ་མི་ལས་སྣ་ཚུ་ནང་ སློབ་གྲྭ་ཁག་གིས་ གཙེོ་རིམ་བྱིན་མི་ཚུགས་པས་ཟེར་ཨིན་པས།
རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ལུ་ དམིགས་བསལ་གྱི་ དུས་ཚོད་མ་བྱིན་པར་ཡོདཔ་ད་ ཚོགས་སྡེ་གིས་འབད་བ་ཅིན་ བདུན་ཕྲག་ཅིག་ནང་ གསོ་བའི་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་གྱི་དོན་ལུ་ ཐུན་ཚན་གཅིག་རྐྱངམ་གཅིག་ བྱིན་ཡོདཔ་བཞིན་དུ་ ལས་རིམ་ཚུ་ སློབ་གྲྭའི་དུས་ཚོད་རྫོགས་པའི་ཤུལ་ལས་ འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་དང་འབྲེལ་བའི་ དོན་ཚན་ཅིག་ འཐུ་ཞིནམ་ལས་ སྤུས་ཚད་ཅན་གྱི་ དུས་ཚོད་དང་ བསམ་འཆར་བརྗེ་སོར་གྱི་ དུས་ཚོད་ཟེར་ཡང་སླབ་མི་ ཐུན་ཚན་ནང་ སློབ་སྟོན་འབད་དོ་ཡོདཔ་བཞིན་དུ་ ལས་རིམ་དེ་ཡང་ རེས་གཟའ་ལྷག་པའི་ ཐུན་ཚན་དང་པའི་ནང་ ཨ་རྟག་ར་ སློབ་ཁང་ག་རའི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨི་ནཔས།
ལས་རིམ་དེ་ཡང་ དྲོ་པའི་ཆུ་ཚོད་༨.༣༠ ལས་ དུས་ཡུན་སྐར་མ་༤༥ དེ་ཅིག་གི་རིང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ དེ་བསྒང་ སློབ་ཕྲུག་ཚུ་གིས་ རང་སོའི་བསམ་འཆར་ལེགས་ཉེས་དང་ ཕམ་ཚུ་གི་དཀའ་ངལ་ ནང་འཁོད་རྩུབ་སྤྱོད་ ག་ཅི་ར་ཨིན་རུང་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་རིག་རྩལ་ གོང་འཕེལ་གཏང་ཐབས་ལུ་ བདུན་ཕྲག་འགོ་བཙུགས་པའི་སྐབས་ ཁས་བླངས་ལས་རིམ་ཅིག་བཟོ་མི་ཡང་ རེས་གཟའ་མིག་དམར་ ཨ་རྟག་ར་ དྲོ་པའི་འདུ་འཛོམས་ནང་ འབད་དོ་ཟེར་ཨིན་པས།
དེ་ལས་ སློབ་གྲྭ་དེ་ནང་ སློབ་དཔོན་རེ་གིས་ སློབ་ཕྲུག་རེ་ བདག་འཛིན་འཐབ་ནིའི་ ལམ་ལུགས་ཅིག་ཡང་ བཟོ་སྟེ་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་ནང་ སློབ་དཔོན་༥༤ ཡོདཔ་ད་ སློབ་དཔོན་ཅིག་གིས་ དཀའ་ངལ་ཅན་གྱི་ སློབ་ཕྲུག་རེ་ བདག་འཛིན་འབད་བ་ཅིན་ དཀའ་ངལ་སེལ་ཐབས་འབད་ཚུགས་ཟེར་ ཟླ་བ་ཚེ་རིང་གིས་ བཤད་ཅི།
སློབ་ཕྲུག་ཚུ་ལུ་ དངུལ་འབྲེལ་གྱི་ དཀའ་ངལ་ཡོད་པ་ཅིན་ སློབ་ཕྲུག་བདག་འཛིན་འཐབ་མི་ སློབ་དཔོན་ཚུ་གིས་ ཟད་འགྲོ་བཏང་དོ་ཡོདཔ་མ་ཚད་ སློབ་ཕྲུག་ལ་ལོ་ཅིག་ལུ་ རྒྱབ་སྐྱོར་འབད་མི་ཡང་ ཐོན་ཡོདཔ་བཞིན་དུ་ ན་ཧིང་ སློབ་ཕྲུག་༡༠ དེ་ཅིག་ སྨན་ལྗོངས་གཞི་ཚོགས་ཀྱིས་ སློབ་ཕྲུག་ཚུ་གི་ མི་ཚེ་ཅིག་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
གལ་སྲིད་ སློབ་ཕྲུག་གི་གནད་དོན་ཚུ་ སློབ་དཔོན་ཚུ་གིས་ བསལ་མ་ཚུགས་པ་ཅིན་ སློབ་གྲྭའི་བསླབ་སྟོན་པ་ཚུ་ལུ་ སྙན་ཞུ་འབད་དོ་ཟེར་ ཨིན་རུང་ ད་ཚུན་ སློབ་གྲྭ་དེ་ནང་ གནད་དོན་སྦོམ་ག་ནི་ཡང་ མ་འབྱུང་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
སློབ་གྲྭ་ནང་ སློབ་དཔོན་གྱི་ བསླབ་སྟོན་པ་༢ མ་གཏོགས་ དུས་ཚོད་ཧྲིལ་བུམ་སྦེ་ མེད་ཟེར་ཨིན་པས།
ལས་རིམ་དེ་ཡང་ སློབ་ཕྲུག་ཚུ་གི་ གནད་དོན་དང་ གནས་སྟངས་ཚུ་ ཉན་ནི་དང་ ཁོང་གི་སྐོར་ལས་ ལེགས་ཤོམ་སྦེ་ཤེས་ཚུགས་ནི་ དེ་ལས་ སློབ་ཕྲུག་ཚུ་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ འབྱུང་པ་ཅིན་ དུས་ཚོད་ཁར་ སེལ་ཐབས་འབད་ནི་ལུ་ དམིགས་ཏེ་ཨིན་པས།
ལས་རིམ་དེ་ལུ་བརྟེན་ ཧེ་མ་ སློབ་གྲྭ་དེ་ནང་ སློབ་ཕྲུག་ཚུ་གི་ནང་འཁོད་ལུ་ བང་བཙོང་ནི་དང་ སྨྱོ་རྫས་ལག་ལེན་གྱི་ གནད་དོན་ལེ་ཤ་ཡོད་རུང་ ཧེ་མ་དང་ཕྱདཔ་ད་ མར་བབས་སྦོམ་སྦེ་ར་ སོང་ཡོདཔ་ལས་ སློབ་གྲྭ་ནང་ སྒྲིགས་ཁྲིམས་ཀྱི་ གནད་དོན་དེ་ ཟླཝ་རེ་ནང་གཅིག་ལས་བརྒལ་ འཐོན་ནི་མེད་ཟེར་ཨིན་པས།
སློབ་རིམ་༡༠ པའི་ སློབ་ཕྲུག་རྡོ་རྗེ་ལྷ་མོ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ནང་ སློབ་སྟོན་གྱིས་མ་དོ་བར་ ལས་རིམ་ འགོ་བཙུགས་མི་ལུ་བརྟེན་ ཕན་ཐོགས་སྦེ་ར་ བྱུང་ཡོདཔ་མ་ཚད་ རང་སོའི་བསམ་འཆར་ཚུ་ཡང་ བཤད་ནིའི་གོ་སྐབས་ འཐོབ་ཚུགས་པས་ཟེར་ཨིན་པས།
སློབ་དཔོན་པ་སངས་དབང་མོ་གིས་འབད་བ་ཅིན་ སློབ་ཕྲུག་བུམོ་ཚུ་ལུ་ མནོ་བསམ་ལོག་སྤྱོད་དང་ བསམ་བཟང་ཐོག་ལས་ དཀྲོག་ནིའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ཡི་ཟེར་ཨིནམ་བཞིན་དུ་ ག་ར་འབད་རུང་ གནད་དོན་དེའི་སྐོར་ལས་ ཤེས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
མོ་གི་ལཱ་འགན་ངོ་མ་ར་ སློབ་སྟོན་འབད་ནི་ཨིན་རུང་ བསླབ་སྟོན་གྱི་ལཱ་ཡང་ འབད་དགོཔ་ལས་ གདོང་ལེན་ཅན་ཅིག་ ཨིན་མས་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གི་ གནད་དོན་ཚུ་ཡང་ མང་ཤོས་ར་ ཅོག་འཐདཔ་སྦེ་ འོངམ་མས་ཟེར་ཨིན་པས།
པ་སངས་དབང་མོ་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ བསླབ་སྟོན་པ་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་མི་དེ་ཡང་ ཨ་ལོ་ཚུ་གི་ དུས་ཚོད་ནམ་ར་ཐོབ་རུང་ རང་སོའི་གནད་དོན་ཚུ་ བསླབ་སྟོན་པ་དང་གཅིག་ཁར་ གྲོས་བསྟུན་འབད་ཚུགས་ནི་མས་ཟེར་ཨིནམ་ད་ སློབ་གྲྭ་དེ་ནང་ སློབ་ཕྲུག་༡,༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *