སློབ་རིམ་༡༢ པ་ མཇུག་བསྡུ་མི་ཚུ་གི་དོན་ལུ་ སློབ་དཔོན་སློབ་སྦྱོང་ལས་རིམ་ ཆ་མེད་གཏང་ནི་ཨིན་མི་ལུ་ སྐྱོན་བརྗོད།

༉ འདས་པའི་ཟླཝ་ནང་ ཤེས་རིག་ལྷན་ཁག་གིས་ ལོ་༥ འི་འཆར་གཞི་༡༢ པའི་ ལོ་༢ པ་དེ་ཅིག་ལས་ སློབ་རིམ་༡༢ པ་མཇུག་བསྡུ་མི་ཚུ་གིས་ སློབ་དཔོན་སློབ་སྦྱོང་ནང་ འགྱོ་སྲོལ་ཡོད་མི་དེ་ ཆ་མེད་གཏང་ནི་ཨིན་ཟེར་ སླབ་ཡོད་མི་དེ་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ མ་འོངས་པ་ལུ་ གཞི་རྟེན་ཤེས་རིག་གི་སྤུས་ཚད་ལུ་ ཐོ་སྦོམ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པ་གིས་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གཞུང་གིས་ འཆར་གཞི་༡༢ པའི་ ལོ་༢ པ་དེ་ཅིག་ཁར་ལས་ བཀག་ཆ་འབད་ནིའི་ འཆར་གཞི་ཡོད་མི་དེ་ མ་འོངས་པའི་གནས་སྟངས་ ཧ་མ་གོ་བའི་ཁར་ དམིགས་གཏད་ལེགས་ཤོམ་མེན་པའི་ འཆར་གཞི་ཅིག་ཨིན་མས་ཟེར་ བཀོད་ནུག།

འཆར་གཞི་དེ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ སློབ་དཔོན་འབད་ནིའི་ གདམ་ཁ་ཡོད་མི་དེ་ཡང་ མཇུག་བསྡུ་གཏང་ནི་ཨིན་པའི་ཁར་ དེ་གིས་ སྤྱིར་བཏང་ཤེས་རིག་གི་སྤུས་ཚད་ལུ་ ཐོ་སྦོམ་ཕོག་འོང་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ མི་ཚེ་གཅིག་ ལྷབ་སྦྱང་འབད་མི་དེ་ཡང་ ཚེ་གཡོག་ཡར་དྲག་གཏང་ནི་དེ་ཨིནམ་ལས་ གཙུག་ལག་ཤེས་ཚད་དེ་ སློབ་དཔོན་ཚུ་གི་དོན་ལུ་ ཁྱད་རིག་གི་ལས་རིམ་གཙོ་བོ་ཅིག་སྦེ་ བཞག་དགོཔ་ཨིན་ཟེར་ བཀོད་ནུག།

སློབ་རིམ་༡༢ པ་མཇུག་བསྡུ་སྟེ་ སློབ་དཔོན་སྦྱོང་ནང་འཛུལ་མི་ཚུ་གི་ལས་རིམ་དེ་ ཧེ་མ་ལས་ བརྟག་དཔྱད་འབད་དེ་ཡོད་པའི་ཁར་ དེ་གིས་ ཤེས་རིག་ནང་ ཕན་ཐོགས་སྦོམ་འབྱུང་ཚུགས་ཏེ་ཡོདཔ་ལས་ ཤེས་རིག་གི་ལམ་ལུགས་ནང་ སློབ་རིམ་༡༢ པ་མཇུག་བསྡུ་སྟེ་ སློབ་དཔོན་ནང་འཛུལ་མི་ཚུ་ སྲོག་ཤིང་བཟུམ་ཅིག་ཨིནམ་ལས་ ལས་རིམ་དེ་ ཆ་མེད་གཏང་ནི་མེན་པར་ ལྷག་པར་དུ་ སྒྲིང་སྒྲི་བཟོ་དགོཔ་ཨིན་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པ་གིས་ འཆར་གཞི་གསརཔ་དེ་ ཤེས་རིག་ལྷན་ཁག་ནང་ སྲིད་བྱུས་སྦོམ་ཤོས་ཅིག་ འཐུས་ཤོར་བའི་རྟགས་མཚན་སྟོནམ་ཨིན་མས་ཟེར་ བཀོད་ནུག།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ འཆར་གཞི་དེའི་གྲོས་འཆར་དེ་ གཞུང་གིས་ ཤེས་རིག་གི་སྤུས་ཚད་ ཡར་དྲག་གཏང་ནིའི་ ཁས་བླངས་འབད་མིའི་ནང་ཨིན་ཟེར་ ཨིན་པའི་ཁར་ ཤེས་རིག་གི་སྤུས་ཚད་ ཡར་དྲག་གཏང་ནི་ཨིན་པ་ཅིན་ ཤེས་རིག་ལམ་ལུགས་ནང་ སློབ་དཔོན་དེ་ཨིནམ་ལས་ སློབ་དཔོན་ཚུ་གི་ཤེས་ཚད་དེ་ར་ ཡར་སེང་འབད་དགོཔ་འདུག་ཟེར་ཨིན་པས།

བློན་པོ་གིས་ ཤེས་རིག་གི་སྤུས་ཚད་ནང་ ལེགས་བསྒྱུར་བཟོ་དགོ་པ་ཅིན་ སློབ་དཔོན་དེ་ར་ གཙོ་ཆེཝ་ལས་ ཤེས་རིག་གི་སྤུས་ཚད་ཡར་དྲག་གཏང་ཚུགས་པ་ཅིན་ ཕན་ཐོགས་ལེ་ཤ་ཡོད་པའི་གྲས་ལས་ སློབ་དཔོན་ཁོང་རའི་ ཤེས་ཚད་ཡར་དྲག་གཏང་ནི་དེ་ཨིན་ཟེར་བཤད་ཅི།

ད་རེས་ནངས་པར་ སློབ་དཔོན་ཚུ་གི་ ཀུན་སྤྱོད་རྣམ་གཞག་གི་ གདོང་ལེན་ཡོད་མི་དེ་ལུ་ སེམས་དང་མ་ལྡན་པར་ཡོདཔ་ལས་ དེ་ཚུ་སེལ་ཐབས་ཀྱི་དོན་ལུ་ ཐབས་ཤེས་ཨིན་ཟེར་བཤད་ཅི།

གདོང་ལེན་དེ་ཡང་ སློབ་དཔོན་ཚུ་གི་ ཁྱད་རིག་ཡར་དྲག་གཏང་ནི་དང་ ཤེས་ཡོན་ཡར་དྲག་གཏང་ནིའི་ནང་ གོ་སྐབས་མ་ཐོབ་པའི་ དཀའ་ངལ་ཚུ་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ སློབ་དཔོན་ཚུ་གི་ཤེས་ཚད་ ཡར་སེང་འབད་བ་ཅིན་ སློབ་དཔོན་ཚུ་གི་ བློ་སྟོབས་བྱིན་ཚུགསཔ་མ་ཚད་ སློབ་དཔོན་མ་ལང་པའི་དཀའ་ངལ་དེ་ཡང་ སེལ་ཚུགས་པའི་ཁར་ ཤེས་ཡོན་ཅན་དང་ལྕོགས་གྲུབ་ཅན་གྱི་ སློབ་དཔོན་ཐོནམ་ད་ མི་སྡེ་ནང་ཡང་ གུས་ཞབས་འཐོབ་ཚུགས་པའི་ཁར་ སློབ་དཔོན་ཁོང་ར་ཡང་ ཡིད་ཆེས་འཐོབ་ཚུགས་ཟེར་ བློན་པོ་གིས་བཤད་ཅི།

ད་རེས་ཀྱི་གནས་སྟངས་ནང་ སློབ་དཔོན་ག་ར་གིས་ ཤེས་ཚད་ཡར་སེང་འབད་ནིའི་ བློ་འདོད་ཡོདཔ་ལས་ དེ་ཚུ་ལུ་ གོ་སྐབས་བྱིནམ་ད་ར་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཐོན་དོ་ཡོདཔ་ལས་ ཐབས་ཤེས་དེ་གིས་ སློབ་དཔོན་མ་ལང་པའི་དཀའ་ངལ་དེ་ཡང་ རྒྱ་ཆེ་དྲགས་སྦེ་ར་ སེལ་ཚུགས་ཟེར་ཨིན་པས།

འབྲུག་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཀྱི་ གཙུག་ལག་སློབ་སྡེ་ཚུ་ནང་ལས་ མཐོ་རིམ་ཤེས་ཚད་ཡོད་མི་༣,༠༠༠ དེ་ཅིག་ ལོ་བསྟར་བཞིན་དུ་ མཐར་འཁྱོལ་ཏེ་འོང་དོ་ཡོདཔ་ལས་ གཙུག་ལག་ཤེས་ཚད་ཀྱི་ གོ་སྐབས་བྱིནམ་ད་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ཚུ་གིས་ གོ་སྐབས་དེ་ལེན་ནི་ལུ་ འོས་འབབ་ཅན་སྦེ་ མཐོངམ་མས་ཟེར་ བློན་པོ་གིས་བཤད་ཅི།

བློན་པོ་གིས་འབད་བ་ཅིན་ གཞུང་གིས་ལོ་བསྟར་བཞིན་དུ་ སློབ་དཔོན་༤༠༠ དེ་རེ་ དགོ་ནིའི་ཚོད་དཔག་འབད་དེ་ཡོད་ཟེར་ཨིན་པའི་ཁར་ གྲོས་འཆར་དང་འཁྲིལཝ་ད་ གདམ་འཐུ་འབད་མི་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ཚུ་ སློབ་དཔོན་སློབ་སྦྱོང་ལྟེ་བ་ཚུ་ནང་ མཐོ་རིམ་གོང་མའི་སློབ་སྟོན་ལས་རིམ་ནང་ གཏང་ནིའི་འཆར་གཞི་ཡོདཔ་ཨིན་པས།

གདམ་འཐུ་འབད་མི་ཚུ་ མཐོ་རིམ་ཤེས་ཚད་ཡོདཔ་ལས་ ཁོང་ལུ་ སློབ་སྟོན་འབད་ནིའི་དོན་ལུ་དགོ་པའི་ ཤེས་ཚད་དང་ཁྱད་རིག་ཚུ་འོང་ཟེར་ བློན་པོ་གིས་བཤད་པའི་ཁར་ དུས་རབས་༢༡ པའི་ནང་ སློབ་དཔོན་འོས་ལྡན་ཅན་ཚུ་ འཐོན་འོང་ཟེར་ཨིན་པས།

ཤེས་རིག་གི་གནས་ཚད་དེ་ བསྒྱུར་བ་སྦོམ་སོང་ཡོདཔ་ལས་ ད་རེས་ཀྱི་བསྒྱུར་བཅོས་དོན་ལུ་ཡང་ གྲ་སྒྲིག་ཡོད་ཟེར་ བློན་པོ་གིས་བཤད་པའི་ཁར་ གཞུང་གིས་ སློབ་རིམ་༡༢ པ་ མཇུག་བསྡུ་མི་ཚུ་གི་ ལཱ་གཡོག་གི་དཀའ་ངལ་འཐོན་ནི་ཨིན་མི་ལུ་ ཚ་གྱང་ག་ནི་ཡང་མེད་ཟེར་ཨིན་མི་དེ་ཡང་ སློབ་དཔོན་ཚུ་ ལག་ཤེས་སྦྱོང་བརྡར་དང་འབྲེལ་བའི་ ཤེས་ཡོན་ལས་རིམ་ཚུ་ནང་ དང་འདོད་བསྐྱེད་བཅུག་ནི་ཨིན་ཟེར་ཨིན་པས།

དེ་གིས་ འཆར་གཞི་༡༢ པའི་ནང་ ལག་ཤེས་སྦྱོང་བརྡར་དེ་ནང་ ལེ་ཤ་སྦེ་ ལེན་ཚུགས་ཟེར་ཨིན་པའི་ཁར་ གཞུང་གིས་ཡང་ ལག་ཤེས་སྦྱོང་བརྡར་ལས་རིམ་ཚུ་ རྒྱ་སྐྱེད་འབད་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ བཟོ་གྲྭ་ཁང་ཚུ་དང་འབྲེལ་བ་ཡོད་པའི་གདམ་ཁ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།

དུས་རབས་༢༡ པའི་ནང་ སྤུས་ཚད་ཅན་གྱི་ ཤེས་རིག་དགོ་པ་ཅིན་ ད་ལྟོའི་འཆར་གཞི་དེ་ཨིན་ཟེར་ བཤད་པའི་ཁར་ བློན་ཆེན་གྱིས་ཡང་ ཤེས་རིག་གི་སྤུས་ཚད་ ཡར་དྲག་གཏང་དགོཔ་སྦེ་ གསུངས་ཡོདཔ་བཞིན་དུ་ ཤེས་རིག་ལྷན་ཁག་གིས་ གྲོས་འཆར་དེ་ ཞིབ་དཔྱད་འབད་དེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་བཤད་ཅི།

ཨིན་རུང་ བློན་པོ་གིས་ གྲོས་འཆར་དེ་ ག་དེ་སྦེ་འགྱོ་ཚུགས་ག་དེ་ གཞུང་གསརཔ་ལུ་ རག་ལས་ཨིན་པའི་ཁར་ བློན་པོ་གིས་ གྲོས་འཆར་དེ་ གཞུང་གསརཔ་གི་དོན་ལུ་ གྲ་སྒྲིག་འབད་དེ་ བཞག་ནི་ཨིནམ་ལས་ གཞུང་གསརཔ་འོང་མི་གིས་ གྲོས་འཆར་དེ་ མ་བཏུབ་པ་ཅིན་ ཆ་མེད་གཏང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *