སློབ་རིམ་༡༠ པའི་ཆོས་རྒྱུགས་གྲུབ་འབྲས་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དྲག་ཤོས་ཐོན་ཡོདཔ།

༉ སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་ཕྲུག་ཚུ་གིས་ དཔེ་ཆ་བལྟ་ནི་ལུ་ གདོང་ལེན་བྱུང་རུང་ སློབ་རིམ་༡༠ པའི་ འབྲུག་གི་སློབ་གྲྭ་བར་མའི་ལག་ཁྱེར་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ འདས་པའི་ལོ་༨ ནང་འཁོད་ལུ་ དྲག་ཤོས་ཅིག་ཨིན་པས།

ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ཡང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ གསལ་བསྒྲགས་འབད་ཡི།

སྤྱི་ལོ་༢༠༢༠ ཀྱི་ སློབ་རིམ་༡༠ པའི་ ཆོས་རྒྱུགས་ཀྱི་ སྤྱིར་བཏང་མཐར་འཁྱོལ་ བརྒྱ་ཆ་༩༦.༥༧ ཐོན་མི་དེ་ སྤྱི་ལོ་༢༠༡༣ ལས་ ད་ཚུན་ གྲུབ་འབྲས་དྲག་ཤོས་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ བརྒྱ་ཆ་༢.༩༤ དེ་ཅིག་ ཡར་སེང་སོང་ནུག།

ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ སླབ་མིའི་ནང་ ན་ཧིང་ ཀོ་བིཌ་-༡༩ ལུ་བརྟེན་ སློབ་ཕྲུག་ཚུ་གིས་ དཔེ་ཆ་བལྟ་ནིའི་དོན་ལུ་ གདོང་ལེན་བྱུང་སྟེ་འབད་རུང་ གྲུབ་འབྲས་ལེགས་ཤོམ་ ཐོན་མི་དེ་ཡང་ སློབ་ཕྲུག་དང་ སློབ་དཔོན་ དེ་ལས་ ཕམ་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ སློབ་སྦྱོང་ཆོས་ཚན་ བརྒྱ་ཆ་༦༥ རྐྱངམ་གཅིག་ སློབ་སྟོན་འབད་ཚུགས་ཡོདཔ་ལས་ མི་སེར་ཚུ་གིས་ དཔེ་ཆ་ལྷབ་ནི་ལེ་ཤ་མེདཔ་ལས་ གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ དེ་ལུ་བརྟེན་ཨིན་པའི་ གོ་བ་ལེན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

ཨིན་རུང་ ཤེས་རིག་ལྷན་ཁག་ལས་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གལ་ཅན་གྱི་ ཆོས་ཚན་སློབ་སྦྱོང་གི་ དོན་ཚན་ག་ར་ སློབ་སྟོན་འབད་ཚར་ཡོད་པའི་ཁར་ དྲི་ཤོག་གི་ ལམ་ལུགས་ཚུ་ བསྒྱུར་བཅོས་མེད་པར་ ཧེ་མ་བཟུམ་སྦེ་ར་ བཞག་ཡི་ཟེར་ཨིན་པས། 

ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་མི་ག་ར་ བུམོ་ཚུ་ཨིན་མི་དེ་ཡང་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ ཤྲི་ཇ་ན་གི་རི་གིས་ སྐུགས་བརྒྱ་ཆ་༩༤.༦ ཐོབ་སྟེ་ ཨང་དང་པ་ཐོན་ནུག།

ཨང་༢ པ་ཐོན་མི་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ལས་ རིག་མཛེས་ལྷ་མོ་གིས་ སྐུགས་བརྒྱ་ཆ་༩༤ ཐོབ་ཡོདཔ་ད་ འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ ཀུན་བཟང་མཚོ་མོ་དང་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ ཡེ་ཤེས་ཚེ་གཡང་བཟང་མོ་ དེ་ལས་ གེ་སར་གླིང་སློབ་གྲྭ་ལྟེ་བ་ལས་ ནམ་མཁའ་སྒྲོལ་མ་༣ གྱིས་ སྐུགས་ཚད་བརྒྱ་ཆ་༩༣.༦ རེ་ཐོབ་སྟེ་ ཨང་༣ པ་ ཐོན་ཡོདཔ་ཨིན་པས།

ཨང་དང་པ་ཐོན་མི་ ཤྲི་ཇ་ན་གི་རི་གིས་ སླབ་མིའི་ནང་ དཔེ་ཆ་རྩ་འགེངས་ལྟ་རུང་ གྲུབ་འབྲས་དེ་བཟུམ་འཐོན་པའི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ སློབ་ཕྲུག་མང་ཤོས་ཅིག་གིས་ སློབ་རིམ་༡༠ པ་དེ་ ག་ནི་ཡང་མེདཔ་བཟུམ་སྦེ་ མནོ་བསམ་བཏང་མི་དེ་ འཛོལ་བ་ཨིན་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ སྣང་མེད་སྦེ་ མ་སྡོད་པར་ གྲུབ་འབྲས་མཆོག་འགྱུར་འཐོན་ནི་ལུ་ རྩ་འགེངས་དགོ་ཟེར་ཨིནམ་ད་ སློབ་དེབ་ཀྱི་ ཤེས་ཡོན་མ་དོ་བར་ སློབ་ཕྲུག་ཚུ་གིས་ མི་ཚེ་ལེགས་བསྒྱུར་གྱི་དོན་ལུ་ ཡན་ལག་གྱི་ ཆོས་ཚན་གཞན་ཚུ་ལུ་ཡང་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༣ པའི་ནང་ གཞུང་གི་སློབ་གྲྭ་༡༢༤ དང་ སྒེར་གྱི་སློབ་གྲྭ་༦ ལས་ སློབ་ཕྲུག་༡༢,༨༡༣ གྱིས་ སློབ་རིམ་༡༠ པའི་ཆོས་རྒྱུགས་རྐྱབ་མིའི་གྲས་ལས་ བུམོ་༦,༨༩༡ དང་ བུཚ་༥,༩༧༨ ཡོདཔ་བཞིན་དུ་ སློབ་ཕྲུག་༤༣༩ གིས་ མཐར་འཁྱོལ་འབྱུང་མ་ཚུགསཔ་ཨིན་པས།

ཆོས་ཚན་ཚུ་གི་གྲས་ལས་ སློབ་ཕྲུག་ཚུ་གིས་ སོ་ནམ་དང་འབྲེལ་བའི་ བཟའ་སྤྱོད་ཉེན་སྲུང་གི་ ཆོས་ཚན་ནང་ ལེགས་ཤོམ་འབད་མི་དེ་ བརྒྱ་ཆ་༩༢.༦༧ ཡོདཔ་ཨིན་པས།

དུས་ཅི་གི་ སློབ་དུས་ལས་ གཞུང་གི་ སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་༢༠ ནང་ སློབ་རིམ་༡༠ པ་མཐར་འཁྱོལ་མི་༡,༨༠༠ འཛུལ་ཞུགས་འབད་ནི་ཨིན་མི་དེ་ མཇུག་འོང་ནི་ཨིན་ཕས།

དེ་ཡང་ གཞུང་གིས་ སང་ཕོད་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་ཨིན་མི་ལུ་བརྟེན་ཨིན་པས།

སློབ་ཕྲུག་ཚུ་གིས་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་དགོཔ་བཞིན་དུ་ ཨ་ལོ་ཚུ་གིས་ སློབ་གྲྭ་ཚུ་གིས་བཟོ་མི་ ཚད་གཞི་ལུ་ གནས་དགོཔ་ཨིན་པས།

གཞུང་གིས་ སློབ་གཉེར་གྲོགས་རམ་གྱི་འཐུས་ ནང་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༧༠,༠༠༠ རེ་དང་ ཕྱི་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༤༠,༠༠༠ རེ་ བྱིན་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *