སློབ་ཕྲུག་འཛུལ་ཞུགས་ཀྱི་ ཚད་གཞི་དེ་ སྔར་ག་ཨིནམ་སྦེ་ར་བཞག་ཡོདཔ།

༉ བློ་གསར་སློབ་རིམ་གྱི་ འཛུལ་ཞུགས་སྲིད་བྱུས་དེ་ལུ་ ཆ་གནས་དང་ བརྩི་མཐོང་བསྐྱེད་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ཧེ་མ་ལས་ ལག་ལེན་འཐབ་མི་ སློབ་ཕྲུག་འཛུལ་ཞུགས་ཀྱི་ ལོ་ཚད་དེ་ སྐྱེས་ལོ་༦ སྦེ་ར་ བཞག་ནི་སྦེ་ ཐག་བཅད་ནུག།
ལྷན་ཁག་གིས་ ཐག་བཅད་ཀྱི་ ཡི་གུ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་ ཕུལ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༢ ལུ་ སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ དེ་ལས་ ཕམ་ཚུ་གིས་ བློན་ཆེན་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ དུས་ཅི་ སློབ་དུས་ནང་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་ གཏན་འཇགས་ཀྱི་ སློབ་ཕྲུག་སྦེ་ ངོས་ལེན་འབད་གནང་ཟེར་ ཞུ་ཡིག་ཕུལ་ཡི།
ཞུ་ཡིག་དེ་ཡང་ ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༥ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༦ མ་ལང་མི་ སློབ་ཕྲུག་༨༩༠ འཛུལ་ཞུགས་འབད་མི་ཚུ་དང་ ཁོང་གི་ངོ་རྟགས་ཚུ་ཡང་ ཆ་མེད་བཏང་པའི་ཤུལ་ལས་ བཙུགས་ཡོདཔ་ཨིན་པས།
བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ སྤྱི་ལོ་༢༠༡༩ ཟླ་༣ པ་ཚུན་ཚོད་ སྐྱེས་ལོ་༥ སྦེ་ བཞག་གནང་ཟེར་ ཞུ་ཡོདཔ་ཨིན་པས།
སློབ་གྲྭའི་སྲིད་བྱུས་བསྒྱུར་བཅོས་ མ་རྐྱབ་རུང་ ཕམ་དང་ སློབ་གྲྭའི་ཇོ་བདག་ དེ་ལས་ དབུ་འཛིན་ཚུ་གིས་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ ཆ་གནས་འབད་དགོ་པའི་ཁར་ སང་ཕོད་ལས་ བཅའ་ཡིག་དང་ སྒྲིག་གཞི་ལུ་ གནས་འོང་ཟེར་ ཞུ་བ་འབད་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བརྒྱུད་དེ་ ཡི་གུ་དེ་ཡང་ སྤྱི་ཟླ་༦ པའི་བདུན་ཕྲག་༣ པའི་ནང་ ཤེས་རིག་ལྷན་ཁག་ལུ་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ལུ་ བར་ཆད་མི་རྐྱབ་ནི་དང་ སློབ་གྲྭའི་འཛུལ་ཞུགས་ཀྱི་ ལོ་ཚད་ཡར་སེང་འབད་ནི་གི་ འོས་འབབ་བལྟ་དགོ་པའི་ ཡི་གུ་བཏང་ཡོདཔ་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཀརྨ་ཚེ་རིང་གིས་ གློག་འཕྲིན་ཨི་མཱེལ་ཐོག་ལས་ དྲི་བ་དྲིས་ལན་ནང་ འཛམ་གླིང་ཞིབ་འཚོལ་སྙན་ཞུ་ལུ་ གཞི་བཞག་ཐོག་ལས་ ཨ་ལོ་གོང་འཕེལ་གནས་སྟངས་དང་ ཞི་བདེ་ དེ་ལས་ ཧེ་མ་ལས་ ཐག་བཅད་མི་ལུ་ བཞག་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་བཀོད་ནུག།
དེ་འབདཝ་ལས་ ལྷན་ཁག་གིས་འབད་བ་ཅིན་ དུས་ཅི་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ སང་ཕོད་ སློབ་རིམ་དེ་ནང་ར་ ལོག་བལྟ་དགོཔ་བཞིན་དུ་ ལོ་ཚད་མ་ལང་མི་ཚུ་ཡང་ ཁྱད་ཚད་དང་ མ་འཁྲིལ་བར་ འཛུལ་ཞུགས་འབད་མི་ལུ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་པས།
 བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ སྐྱེས་ལོ་༦ ལང་མི་ ཡང་ཅིན་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡༣ གྱི་ཧེ་མར་ སྐྱེས་མི་ཚུ་ བཙུགས་ཆོག་ནི་ཨིནམ་ད་ གལ་སྲིད་ སློབ་གྲྭ་ནང་ ས་སྟོང་ཡོད་པ་ཅིན་ སྐྱེས་ལོ་༥ དང་ཕྱེད་ཡན་ཆད་ལང་མི་འབདཝ་ད་ སྤྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡༣ ལུ་ སྐྱེས་མི་ཚུ་ བཙུགས་དགོཔ་ཨིན་པས།
ཨིན་རུང་ ལྷན་ཁག་གིས་ ཡིག་ཚང་བཀའ་རྒྱ་དང་ ཁྱབ་བསྒྲགས་ཚར་༣ དེ་ཅིག་བཏང་རུང་ སློབ་གྲྭ་ཚུ་གིས་ སྐྱེས་ལོ་༥ དང་ཕྱེད་འབད་མི་ཚུ་ཡང་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནུག་ཟེར་ འདས་པའི་དྲི་ལན་སྐབས་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ སྒེར་གྱི་སློབ་གྲྭ་ཚུ་ལུ་ དབང་ཚད་བཏོན་ནི་མེན་པར་ ང་བཅས་ཀྱིས་ ཤེས་རིག་གི་སྲིད་བྱུས་དང་ ལམ་སྟོན་ཚུ་ བསྟར་སྤྱོད་འབད་དོ་ཟེར་ཨིནམ་ད་ ལོ་ཚད་མ་ལང་པར་བཙུགས་མི་ ཨ་ལོ་ཚུ་གི་ ངོ་རྟགས་ཨང་ཚུ་ཡང་ བཏོན་བཏང་ཡི་ཟེར་ཨིན་པས།
ཕམ་དང་ སློབ་གྲྭའི་དབུ་འཛིན་ དེ་ལས་ ཇོ་བདག་ཚུ་གིས་ བློན་ཆེན་ལུ་ ཞུ་ཡིག་ཕུལ་བའི་སྐབས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འཐུས་མི་ཚུ་ལུ་ དེ་འཕྲོ་ལས་ དཀའ་ངལ་སེལ་ཐབས་མེདཔ་ལས་ ཤེས་རིག་ལྷན་ཁག་དང་ བསྟུན་གྲོས་འབད་དེ་ ཨ་ལོ་ཚུ་ གཏན་འཇགས་སྦེ་ བཞག་ནི་གི་ འོས་འབབ་བལྟ་འོང་ཟེར་གསུངས་ཡི།
གྲོས་ཐག་ག་ཅི་ར་ བཅད་དེ་འབད་རུང་ གྲོང་གསེབ་ཚུ་ལུ་ཡང་ ལག་ལེན་འཐབ་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཞུ་བ་དེ་ལུ ངོས་ལེན་མ་འབད་བའི་ཧེ་མར་ གནད་དོན་གཞན་ཚུ་ ངོས་ལེན་འབད་དགོཔ་འདུག་ཟེར་གསུངས་ཡི།
བློན་ཆེན་གྱིས་ ཤེས་རིག་ལྷན་ཁག་ལུ་ ལོ་ཚད་མ་ལང་པའི་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་བཅུག་ནི་མི་འོང་ཟེར་ སླབ་སྟེ་ཡོདཔ་བཞིན་དུ་ ད་རེས་ལན་ཐེངས་གཅིག་ སློབ་ཕྲུག་ཚུ་གི་དོན་ལུ་ཨིན་པ་ཅིན་ ངོས་ལེན་འབད་དགོཔ་འོང་ཟེར་གསུངས་ཡི།
འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་འདུའི་སྐབས་ བློ་གསར་སློབ་རིམ་གྱི་ འཛུལ་ཞུགས་ལོ་ཚད་དེ་ བསྐྱར་ཞིབ་འབད་དེ་ གཏན་འཁེལ་བཟོ་དགོ་པའི་ གྲོས་འདེབས་ཕུལ་བའི་ཁར་ ཤེས་རིག་གི་སྲིད་བྱུས་ ལམ་སྟོན་དང་འཁྲིལ་ཏེ་ སློབ་ཁང་གི་ ཚད་གཞི་དེ་ཡང་ སློབ་གྲྭ་ཆུང་བ་ཚུ་ནང་ སློབ་ཕྲུག་༢༤ དང་ སློབ་གྲྭ་ཆེ་རིམ་ཚུ་ནང་ སློབ་ཕྲུག་༣༠ བཞག་དགོ་པའི་ གྲོས་འདེབས་ཡང་ ཕུལ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *