བཀང་ལུང་ལུ་ སློབ་ཕྲུག་༦༠ ལྷགཔ་ཅིག་གིས་ གནམ་བྱཱར་གྱི་ རི་མོ་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་ འབྲེལ་འཛིན་ཐོག་ གནམ་བྱཱར་གྱི་ངལ་གསོ་ དོན་སྨིན་ཅན་སྦེ་ལག་ལེན།

༉ བཀྲིས་སྒང་བཀང་ལུང་ལུ་ བྲག་མཚོ་རིག་རྩལ་སྦྱོང་བརྡར་ལྟེ་བའི་ སྤྱི་དོན་ཁང་དེ་ རི་མོ་དང་ པར་ལ་སོགས་པའི་ ཚོས་གཞི་སྣ་ཚོགས་ཀྱིས་ གང་ཡོདཔ་ད་ དེ་ཡང་ སྦྱོང་བརྡར་ལྟེ་བ་དང་ བཀྲིས་གཡང་རྩེ་ལས་ སློབ་ཕྲུག་༦༠ ལྷགཔ་ཅིག་གིས་ ཉིན་གྲངས་༡༠ གྱི་རིང་ པར་བྲིས་མི་ཚུ་ གསལ་སྟོན་འབདཝ་ཨིན་པས།
ལས་རིམ་འགོ་འདྲེན་པ་ འཇིགས་མེད་རྡོ་རྗེ་གིས་ ལས་རིམ་ནང་ རང་ལུགས་དང་དེང་སང་གི་ པར་འབྲི་ཐངས་ཀྱི་ སློབ་སྟོན་འབད་ནི་དང་ སློབ་ཕྲུག་ཚུ་གི་ གནམ་བྱཱར་གྱི་ ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༡༢ ལས་ འགོ་བཙུགས་ཅི་ཟེར་ བཤདཔ་ཨིན་པས།
སུ་ཡིད་ཛར་ལེནཌ་ལས་ པར་བཏབ་ནིའི་མཁས་མཆོག་ མར་ཀུསི་ཝ་ཡེལཌི་གིས་ པར་བཏབ་ནི་དང་ པར་འབྲི་ཐངས་ཀྱི་ སློབ་སྟོན་འབད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ པར་གྱི་ཐོག་ལས་ ལྟེ་བ་དང་ བཀྲིས་གཡང་རྩེའི་ སློབ་ཕྲུག་ཚུ་གི་བར་ན་ མཐུན་ལམ་དང་ འབྲེལ་བ་འཐབ་ཚུགསཔ་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ད་རེས་ འགོ་དང་པ་ བཅའ་མར་གཏོགས་མི་ སྐྱེས་ལོ་༡༧ ལང་མི་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ ལྟེ་བ་ལས་ ཆ་རོགས་གསརཔ་བཟོ་ནི་དང་ རིག་རྩལ་ཕར་ཚུར་ བརྗེ་སོར་འབད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
བྲག་མཚོའི་སློབ་ཕྲུག་ཚུ་གི་སྐོར་ལས་ ལེ་ཤ་ལྷབ་ཚུགས་ཅི་ཟེར་ མོ་གིས་ བཤད་པའི་ཁར་ དབང་པོ་སྐྱོན་ཅན་ཚུ་ལུ་ཡང་ དབང་པོ་ལུ་ ཐོ་མ་ཕོག་མི་དང་ ཅོག་འཐདཔ་སྦེ་ རིག་རྩལ་ཡོད་མིའི་སྐོར་ལས་ཡང་ ཤེས་རྟོགས་བྱུང་ཡི་ཟེར་ བཤདཔ་ཨིན་པས། 
རྡོ་རྗེ་སྒྲོལ་མ་གིས་འབད་ཅིན་ ལས་རིམ་དེ་ ན་གཞོན་ཚུ་གི་ རིག་རྩལ་གོང་འཕེལ་བཏང་ས་དང་ ཤེས་ཡོན་བརྗེ་སོར་འབད་སའི་ ས་གོ་ཅིག་ཨིནམ་ལས་ དུས་ཚོད་ལག་ལེན་འཐབ་ཐངས་དང་ ཆ་རོགས་འབད་ཐངས་ཚུ་ ཧ་གོ་ཡི་ཟེར་ཨིན་པས།
སྤྱི་དོན་ཁང་གི་ཟུར་ཁར་ སྐྱེས་ལོ་༡༥ ལང་མི་ བསྟན་འཛིན་རབ་རྒྱས་དེ་ ལག་པར་པི་སི་བཤད་དེ་ མེ་ཏོག་གི་ པར་བྲིས་ཚར་ཏེ་ ཆ་རོགས་ཚུ་ལུ་ བཏོན་ནིའི་དོན་ལུ་ ཚོན་བཏང་སྡོད་ནུག། 
སྐྱེས་ལོ་༡༣ ལང་མི་ བསྟན་འཛིན་ཀུན་ལེགས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ སློབ་ཕྲུག་ཁོ་བཟུམ་ཅིག་ལུ་ དུས་ཚོད་དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
བསྟན་འཛིན་ཀུན་ལེགས་ཁོ་ར་ མི་འཛོམས་ས་འགྱོ་ནི་ཕར་བཞག་ མི་གསུམ་འཛོམས་ས་ལུ་ཡང་ འགྱོ་ནི་མེདཔ་ཨིན་རུང་ ད་རེས་ཀྱི་ ལས་རིམ་ལས་ ཁོ་ལུ་ སྤོབས་བཏགས་ཅི་ཟེར་ བཤདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ ཆུང་ཤོས་ཅིག་ཨིན་མི་ སྐྱེལ་ལྡན་ཉི་ཟེར་གྱིས་ སླབ་མིའི་ནང་ ལས་རིམ་ནང་ འགོ་དང་པ་འབདཝ་ལས་ ཁོ་གིས་ རང་ལུགས་དང་ དེང་སང་གི་ པར་འབྲི་ནིའི་ནང་ བཅའ་མར་གཏོགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ པར་བཏབ་ཐངས་ཀྱི་ རིག་རྩལ་ཐོབ་ཡོདཔ་ལས་ ལོག་འགྱོཝ་ད་ ཆ་རོགས་ཚུ་ལུ་ཡང་ སྟོན་བྱིན་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
བཀྲིས་གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ ཚེ་འཛིན་བསམ་འཕེལ་ལྷ་མཛེས་ཀྱིས་ ཆ་རོགས་གསརཔ་ ལེ་ཤ་བཟོ་ཚུགས་པའི་ཁར་ ལྟེ་བའི་སློབ་ཕྲུག་ཚུ་དང་འབྲེལ་བ་འཐབ་ད་ བརྡ་སྟོན་ཐོག་ལས་ བློ་སླབ་ནི་གི་ རིག་རྩལ་ཚུ་ ལྷབ་ཚུགས་ཅི་ཟེར་ཨིན་པས།
ལྟེ་བའི་དབུ་འཛིན་ ཀརྨ་དགའ་རབ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ སྨྱོས་རྫས་དབང་ལུ་ ཤོར་ནི་ལས་ བཀག་ཐབས་དང་ སློབ་ཁང་ནང་ ཕྱི་ཁའི་ཤེས་ཡོན་ལྷབ་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྟེ་བའི་སློབ་ཕྲུག་ཚུ་ མི་སྡེའི་ནང་ འབྲེལ་བ་དེ་ཅིག་མེདཔ་ལས་ ཁོང་དང་གཞན་སོ་སོར་ཨིན་པའི་ མནོ་ལུགས་དེ་ ལས་རིམ་དེ་གིས་ བསྒྱུར་བཅོས་འབད་ཚུགས་ནི་ཟེར་ཨིན་པས།
ལས་རིམ་དེ་ཚུ་ ནུབ་ཕྱོགས་རྫོང་ཁག་བཟུམ་སྦེ་ ཤར་ཕྱོགས་ཁ་ཐུག་ལུ་ཡང་ འཕྲལ་འཕྲལ་ར་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་ནིའི་ རེ་བ་ཡོད་རུང་ མ་དངུལ་མ་ཐོབ་པའི་ དཀའ་ངལ་འདུག་ཟེར་ འཇིགས་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་གིས་ རྒྱབ་སྐྱོར་དང་ སུ་ཡིད་ཛར་ལེནཌ་གིས་ མ་དངུལ་ཡུ་ཨེསི་ཌོ་ལར་༤,༥༠༠ བྱིན་ཐོག་ལས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། བཀང་ལུང།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *