སློབ་ཕྲུག་ཚུ་གིས་ བི་པི་ཨེ་ལས་སྡེ་ལུ་ ཏི་རུ་ལོག་དགོ་པའི་ མཁོ་འདོད་བཀོད་དོ་ཡོདཔ།

༉ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ བེསིཊ་པེ་ལེསི་མེན་(བི་པི་ཨེ)བརྒྱུད་དེ་ ཕྱི་རྒྱལ་ལུ་ ལཱ་གཡོག་འབད་བར་ འགྱོ་ནི་གི་ ཡི་གུ་བཙུགས་མི་ ན་གཞོན་སློབ་ཕྲུག་ཚུ་ ལས་སྡེ་ལས་ ཏི་རུ་ལོག་འཐོབ་ནི་ལུ་ རེ་བ་བསྐྱེད་དེ་ ཕར་ཚུར་རྒྱུག་རྒྱུགཔ་སར་ སྡོད་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ན་གཞོན་ཚུ་ འབད་ཐབས་ག་ནི་ཡང་མེད་པར་ དབུགས་འགམ་ཐོག་ལས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་དང་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨོ་རྒྱན་རྡོ་རྗེ་འབད་སར་ བཅར་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ ལྡོག་ཕྱོགས་ཚོགས་པའི་ ཡིག་ཚང་ནང་ འགྱོ་བའི་སྐབས་ འཐུས་མི་ཁོ་ར་རྐྱངམ་གཅིག་ སྡོད་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ཡོད་མི་ ལས་སྡེ་ཁག་སོ་སོའི་ནང་ སོང་ཡོད་རུང་ གྲུབ་འབྲས་ཅིག་ ཐོན་མ་ཚུགསཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཡིག་ཚང་ནང་ ཁོང་གི་དཀའ་སྡུག་བཤད་པར་འགྱོཝ་ད་ འཐུས་མི་ཨྱོན་རྡོ་རྗེ་མ་གཏོགས་ གཞན་ག་ཡང་མིན་འདུག་ཟེར་ཨིན་པས།
ཁོང་གིས་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ལུ་ ཁ་ཉེས་བཀལ་མིའི་ནང་ མ་དངུལ་ལག་ལེན་དང་ སྐྱོད་ཐམ་བཟོ་ནི་དང་ བསྐྱར་གསོ་འབད་ནི་ལ་སོགས་པ་ཚུ་ནང་ གཡོ་སྒྱུ་ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ ད་རེས་ སློབ་ཕྲུག་ཚུ་ ཁོང་གིས་ མཐོ་རིམ་སློབ་གྲྭ་དང་ སྦྱོང་ཚན་གདམ་ཁ་འབད་མི་དང་འཁྲིལ་ཏེ་ ལས་སྡེ་ལས་ དངུལ་ཀྲམ་༢༠༠,༠༠༠- ༤༠༠,༠༠༠ དེ་ཅིག་ ལོག་འཐོབ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ནང་ སྐྱིན་ཚབ་བཏབ་ནི་གི་ དུས་ཚོད་ཕྱི་དོ་ཡོདཔ་ལས་ ཁོང་གི་ཏི་རུ་ ལོག་བྱིན་དགོ་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་འབད་བ་ཅིན་ གཏའ་མ་བཙུགས་མ་དགོ་པའི་ ཤེས་ཡོན་སྐྱིན་འགྲུལ་དེ་ཡང་ ལས་གཡོག་ལྷན་ཁག་དེ་ རྒྱབ་མི་༢ པ་སྦེ་ འཛུལ་ཐོག་ལས་ བི་པི་ཨེ་ལས་སྡེ་དང་ དངུལ་ཁང་༢ ཀྱི་བར་ན་ གོ་བརྡའི་གན་ཡིག་གུ་ མིང་རྟགས་བཀོད་ཐོག་ལས་ ལེན་ཡོདཔ་ཨིན་པས།
ཤེས་ཡོན་གྱི་ སྐྱིན་ཚབ་དེ་ བརྒྱ་ཆ་༡༢.༡༣ ལུ་ གཏན་འཁེལ་སྦེ་ བཟོ་ཡོད་རུང་ ལས་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ རྩ་ཕན་ཚུ་གི་བར་ན་ གན་ཡིག་བཟོ་སྟེ་ མ་ལ་ཤི་ཡ་ལུ་ གཙུག་ལག་སློབ་སྡེ་ཚུ་ལུ་ འཐུས་སྤྲོད་ཚར་བའི་ཤུལ་ལས་ ལས་རིམ་ནང་ལས་ ཐོན་ཡར་སོ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་ མིང་རྟགས་བཀོད་མི་ མཐོ་རིམ་སློབ་གྲྭའི་ འཐུས་ལོག་བྱིན་ནིའི་ སྲིད་བྱུས་ནང་ གལ་སྲིད་ སློབ་ཕྲུག་ཚུ་གིས་ ལས་རིམ་ནང་ལས་ ཐོན་འགྱོ་བ་ཅིན་ ཤེས་ཡོན་གྱི་འཐུས་དེ་ ལོག་མི་ཐོབ་སྦེ་ བཀོད་དེ་ཡོད་མིའི་སྐོར་ལས་ མནོ་བསམ་མི་བཏང་པས་ཟེར་ཨིན་པས།
བི་པི་ཨེ་ལས་སྡེའི་ འགོ་དཔོན་གྱིས་ སླབ་མིའི་ནང་ མ་ལེ་ཤི་ཡ་ལུ་ཡོད་མི་ ཨེསི་ཇི་སློབ་སྡེ་ལུ་ ཡི་གུ་ཡང་བསྐྱར་དུ་བཏང་རུང་ འཐུས་ལོག་བྱིན་མ་བཏུབ་རུང་ བི་ཨེམ་ཨའི་གཙུག་ལག་སློབ་སྡེའི་ནང་ ན་གཞོན་༤ ཐོ་བཀོད་འབད་མི་ལས་༣ ལུ་ འཐུས་ལོག་བྱིན་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ལུ་ ཞུ་བ་འབད་བའི་ཤུལ་ལས་ སྐྱེད་ཀྱི་ཚད་གཞི་དེ་ བརྒྱ་ཆ་༧.༩ ལུ་ མར་ཕབ་འབད་དེ་ཡོད་ཟེར་ཨིནམ་ད་ སློབ་ཕྲུག་༢ ཀྱིས་ ཉོགས་བཤད་བཀོད་མིའི་ནང་ ཁོང་ཆ་ཁྱབ་ མ་ལེ་ཤི་ཡ་ལུ་ སོང་པའི་སྐབས་ ཁོང་དང་གཅིག་ཁར་ ལས་སྡེའི་འགོ་དཔོན་ཚུ་གིས་ སྐྱོད་ཐམ་དེ་ཡང་ བེང་ཀོག་ལུ་ལྷོདཔ་ད་རྐྱངམ་གཅིག་ བྱིན་དེས་ཟེར་ཨིན་པས།
དེ་བསྒང་ སྐྱོད་ཐམ་དེ་ ཧེ་མ་ལས་ དུས་ཚོད་རྫོགས་ཡོདཔ་ མཐོང་པའི་ཤུལ་ལས་ ལས་སྡེ་གིས་ ལྟ་བཤལ་སྐྱོད་ཐམ་ལེན་དགོཔ་སྦེ་ སླབ་མི་དེ་ འོས་ལྡན་ཅིག་ མ་མཐོང་མི་དེ་ཡང་ ལྟ་བཤལ་གྱི་ སྐྱོད་ཐམ་ཐོག་ལུ་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་མི་ཆོག་པས་ཟེར་ སློབ་ཕྲུག་ཚུ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་༢ མ་ལེ་ཤི་ཡའི་ གཙུག་ལག་སློབ་སྡེ་ཚུ་ནང་ ལྟ་བཤལ་སྐྱོད་ཐམ་ཐོག་ལུ་ སོང་པའི་ཤུལ་ལས་ སྐྱོད་ཐམ་ཆ་མེད་གཏང་ནིའི་དོན་ལས་ ཡི་གུ་བཙུགས་པའི་སྐབས་ ལས་སྡེ་གིས་ ན་གཞོན་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ ལས་སྡེ་ཚུ་གི་བར་ན་ གན་ཡིག་བཟོ་ཡོད་མི་ལུ་བརྟེན་ ཆ་མེད་བཏང་མ་བཅུག་པས།
དེ་ལས་ཚུར་ སློབ་ཕྲུག་ཚུ་ ལོག་རྒྱལ་ཁབ་ནང་ འོང་པའི་ཤུལ་ལས་ ལས་སྡེ་ལུ་ ཏི་རུ་ལོག་བྱིན་དགོཔ་སྦེ་ སླབ་ཡོདཔ་ད་ ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ ལས་རིམ་ནང་ལས་ ཐོན་སོང་མི་དེ་ གཟུགས་ཁམས་འཕྲོད་བསྟེན་གྱི་ ཚ་གྱང་དང་ གནས་སྟངས་གསརཔ་དེ་ནང་ སྡོད་མ་ཚུགས་པའི་ གནད་དོན་ལུ་བརྟེན་ཨིནམ་ལས་ གན་རྒྱ་དང་འཁྲིལ་ཏེ་ འཐུས་ཚུ་ལོག་མི་ཐོབ་ཟེར་ཨིན་པས།
ད་རུང་ སྤྱི་ཚོགས་ཀྱི་ འཐུས་མི་འབད་སར་སོང་མི་ སློབ་ཕྲུག་༢ ཀྱི་ སྐྱོད་ཐམ་དེ་ ཆ་མེད་སོང་ཡོདཔ་ལས་ བི་པི་ཨེ་ལས་ ཏི་རུ་ལོག་དགོ་ཟེར་ སླབ་ཨིན་རུང་ ལས་སྡེའི་འགོ་དཔོན་གྱིས་འབད་བ་ཅིན་ སློབ་ཕྲུག་༢ ཀྱི་ སྐྱོད་ཐམ་དེ་ཡང་ ཁོང་༢ ཀྱིས་ ཡིག་ཆ་རྫུས་མ་བཟོ་མི་ལུ་བརྟེན་ མ་ལེ་ཤི་ཡ་ ནང་སྐྱོད་ཡིག་ཚང་གིས་ ཆ་མེད་བཏང་ནུག་ཟེར་ཨིན་པས།
ན་གཞོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ གནམ་གྲུའི་ཤོག་འཛིན་རྫུས་མ་བཟོ་བའི་ ཁ་ཉེས་བཀོད་མིའི་ཐད་ལུ་ བི་པི་ཨེ་གིས་ ཧེ་མའི་ འཛིན་སྐྱོང་འགོ་དཔོན་གྱིས་ ལས་སྡེ་ལས་ དངུལ་ཀྲམ་༦༠༠,༠༠༠ དེ་ཅིག་ ལོག་སྤྱོད་འབད་མི་ལུ་ ཧད་འཕུལ་དོ་ཡོདཔ་ད་ དེ་ཡང་ འཛིན་སྐྱོང་འགོ་དཔོན་བགྲེསཔ་གིས་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ལཱ་གཡོག་ནང་ལས་ དགོངས་གྲོལ་བཏང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ན་གཞོན་སློབ་ཕྲུག་ཚུ་གིས་ བི་པི་ཨེ་གི་ གནད་དོན་དེ་ ལས་གཡོག་ལྷན་ཁག་ལུ་ ཉོགས་བཤད་བཙུགས་ཡོདཔ་ད་ ལས་མི་ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ལུ་ གནད་དོན་དེ་ སེལ་ཐབས་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་ལས་ གན་རྒྱ་བཟོ་མི་ལས་ འགལ་བ་ཡོདཔ་སྦེ་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ལས་ཁུངས་ཀྱིས་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ད་ ལས་སྡེ་གིས་འབད་བ་ཅིན་ གནད་དོན་དེ་ ལཱ་གཡོག་ཞབས་ཏོག་ལས་ཁུངས་དང་ འབྲེལ་གནད་ཡོདཔ་ལས་ ལས་མི་ལས་ཁུངས་དེ་ ག་ཅི་ལུ་བརྟེན་ བར་ཞུགས་འབད་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པས།
ལྷན་ཁག་གི་ ལས་རིམ་ཞིབ་རོགསཔ་ ཚེ་རིང་ཟླཝ་གསལ་གྱིས་ སླབ་མིའི་ནང་ ལས་སྡེ་དང་ སློབ་ཕྲུག་ཚུ་གི་བར་ན་ གནད་དོན་སེལ་ཐབས་ལུ་ བརྡ་དོན་ཚུ་ ཐོབ་ཡོད་པའི་ཁར་ ལྷན་ཁག་གི་ རེ་བ་ལས་འབད་བ་ཅིན་ བི་པི་ཨེ་གིས་ སློབ་ཕྲུག་ཚུ་ མ་ལེ་ཤི་ཡ་ལུ་ གཏང་དགོཔ་དང་ ཡང་ཅིན་ ཏི་རུ་ལོག་བྱིན་དགོཔ་སྦེ་ར་ མཐོངམ་མས་ཟེར་ཨིན་པས།
འཐུས་མི་ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེ་ ཚབས་ཆེན་ཅིག་ཨིནམ་ལས་ སློབ་ཕྲུག་ཚུ་ལུ་ ཁྲིམས་འདུན་ལུ་ ཞུ་གཏུགས་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ལས་སྡེ་དང་ སློབ་ཕྲུག་ཚུ་གི་བར་ན གན་རྒྱ་བཟོ་མི་དང་འཁྲིལཝ་ད་ སྦྱོང་བརྡར་ཉུང་ཤོས་ར་ ཟླཝ་༡༥ དང་ ད་རུང་ ཟླཝ་༩ ལྟོ་ཕོགས་བྱིན་ཐོག་ལས་ ལཱ་གཡོག་སྦྱོང་བརྡར་ བྱིན་པའི་ཤུལ་ལུ་ ལོ་༢ ཀྱི་ ལཱ་གཡོག་བྱིན་འོང་ཟེར་བཀོད་ནུག།
བི་པི་ཨེ་ལས་སྡེ་གིས་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ སློབ་ཕྲུག་ཚུ་དང་ ཕྱད་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ ལས་རིམ་ནང་ ལས་སྡེ་བརྒྱུད་དེ་ མ་ལེ་ཤི་ལ་ལུ་ ན་གཞོན་༩༧ བཏང་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *