པདྨ་ཐང་ལུ་ སློབ་ཕྲུག་ཚུ་གིས་ འབྱ་འཛུགས་སྐྱོང་འབད་བའི་བསྒང་།

སློབ་ཕྲུག་ཚུ་གིས་ གནམ་བྱཱར་གྱི་ངལ་གསོ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དོ་ཡོདཔ།

༉ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨ་ཐང་རྒེད་འོག་གི་ སློབ་ཕྲུག་ཚུ་གིས་ གནམ་བྱཱར་གྱི་ ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དོ་ཡོད་མི་དེ་ཡང་ ཁོང་གིས་ ཕམ་ཚུ་ལུ་ འབྱ་འཛུགས་སྐྱོང་འབད་ནི་དང་ སོ་ནམ་ཞིང་ལཱ་གཞན་ཚུ་ནང་ དཔའ་ཉམས་ཀྱི་སྒོ་ལས་ རྒྱབ་སྐྱོར་འབད་དོ་ཡོད་ནི་དེ་གིས་ཨིན་པས།
པདྨ་ཐང་ལས་ སྐྱེས་ལོ་༢༣ ལང་མི་ རྡོ་རྗེ་དབང་མོ་དེ་ ཀྲོང་གསར་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཨིན་རུང་ ད་ལྟོ་ ངལ་གསོ་ཨིན་པའི་ཁར་་ གཡུས་ཁ་ལུ་ ལྕང་ལ་རྐྱབ་ནིའི་ དུས་ཚོད་ཡང་ཨིནམ་ལས་ ཕམ་ཚུ་ལུ་ ལས་མི་མ་ཐོབ་པའི་ གདོང་ལེན་བྱུངམ་ད་ ཆ་རོགས་འབདཝ་ཨིན་པས།
མོ་གིས་ སླབ་མིའི་ནང་ དུས་ཅི་ གནམ་བྱཱར་གྱི་ ངལ་གསོ་ཡང་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ཕམ་ཚུ་ལུ་ འབྱ་འཛུགས་སྐྱོང་དང་ ཁྱིམ་ནང་གི་ ལཱ་གཞན་འབད་ནི་ཚུ་ནང་ རྒྱབ་སྐྱོར་འབད་དེ་ མོ་གི་ ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
སློབ་ཕྲུག་གཞན་ པདྨ་ཆོས་གྲུབ་ཀྱིས་ ངལ་གསོའི་སྐབས་ ཆ་རོགས་གཞན་ཚུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལ་སོགས་པའི་ ཁྲོམ་སྡེ་ཚུ་ནང་ རག་སོའི་སྤུན་ཆ་དང་ ཉེ་ཚན་ཚུ་སྡོད་སར་ སོང་ཡོདཔ་བཞིན་དུ་ ཁོ་ཡང་ ཁོང་དང་གཅིག་ཁར་ འགྱོ་དགོཔ་སྦེ་ སླབ་ཡོད་རུང་ གཡུས་ཁར་ཕམ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ ཁག་ཆེཝ་ལས་ མ་འགྱོ་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཕམ་ཚུ་ལུ་ འབྱ་འཛུགས་སྐྱོང་འབད་ནི་ལ་སོགས་པའི་ སོ་ནམ་ཞིང་ལཱ་ཚུ་ནང་ རྒྱབ་སྐྱོར་འབད་ཚུགས་མི་དེ་གིས་ སེམས་ཁར་དགའ་བ་རྐྱངམ་གཅིག་མེན་པར་ ཞིང་ལཱ་འབད་ནིའི་ནང་ཡང་ ཉམས་མྱོང་ཐོབ་དོ་ཡོདཔ་ལས་ མ་འོངས་པར་ ལཱ་གཡོག་མ་འཐོབ་རུང་ སོ་ནམ་གྱི་ ལཱ་འབད་དེ་ མི་ཚེ་སྐྱོང་ཚུགས་པའི་ ཁ་ཕེན་འདུག་ཟེར་ཨིན་པས།
སློབ་ཕྲུག་གཞན་ཚུ་གིས་ སླབ་མིའི་ནང་ ངལ་གསོའི་སྐབས་ ཕམ་ཚུ་དང་ སོ་ནམ་ཞིང་ལཱ་འབདཝ་ད་ གྲོང་གཡུས་ནང་ བཟའ་ཚང་གསོ་སྐྱོང་འཐབ་ནི་དང་ ཨ་ལོ་ཚུ་གི་ སློབ་གྲྭའི་ཟད་འགྲོ་གཏང་ནིའི་དོན་ལུ་ ཉིན་ནུབ་མེད་པར་ ལཱ་འབད་དེ་ གདོང་ལེན་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ན་ཡང་ ཧ་གོ་ཚུགས་པས་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ཁྲོམ་སྡེ་ཚུ་ནང་ བཤལ་འཁྱམས་སྡོད་ནི་བ་ གྲོང་གཡུས་ནང་ ཟླཝ་༡ སྡོད་ནི་སྦེ་ གདམ་ཁ་རྐྱབ་མི་དེ་ཡང་ སོ་ནམ་གྱི་ ལཱ་ཚུ་ནང་ འབྲེལ་འཛིན་འབད་ཚུགས་ནི་དང་ ཕམ་ཚུ་ལུ་ཡང་ ཆ་རོགས་འབད་ཐབས་ལུ་ཨིནམ་ད་ གལ་སྲིད་ ཁྲོམ་ཁ་ཁ་ལས་ཕར་ བཤལ་འཁྱམས་སྦེ་ སྡོད་པ་ཅིན་ ཆ་རོགས་ཚུ་གི་ ངན་བསྐུལ་ཐོག་ རྫས་ངན་ཏམ་ཁུ་དང་ སྨྱོ་རྫས་ལ་སོགས་པ་ཚུ་ སྤྱོད་སྡོད་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ཕམ་ཚུ་གིས་ སླབ་མིའི་ནང་ ལྕང་ལཱ་རྐྱབ་ད་ ལས་མི་ཐོབ་པར་ ལཱ་ཁག་ཡོདཔ་ལས་ འཕྲལ་འཕྲལ་ར་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༥༠༠ སྤྲོད་ཐོག་ལས་ ལས་མི་འཚོལ་དགོཔ་ ཐོནམ་ཨིན་རུང་ དུས་ཅི་ ཨ་ལོ་ཚུ་གི་ ངལ་གསོ་དང་ ཁ་ཐུག་རྐྱབ་ལས་ ཕན་ཐོགས་སྦོམ་བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ པདྨ་ཐང་རྒེད་འོག་ནང་ ཆུ་ཞིང་ཨེ་ཀར་༨༠༠ ལྷགཔ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་མི་དེ་ལས་ རེད་མེ་ཊིག་ཊཱོན་༧ ལྷགཔ་ཅིག་ ཐོད་སྐྱེད་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *