སློབ་ཕྲུག་ཚུ་གི་ ཡིག་འབྲི་མཁོ་ཆས་ མཁོ་སྒྲུབ་འབད་ནིའི་ འཆར་དངུལ་མེདཔ།

༉ དུས་ཅི་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་༡༥༦,༡༠༨ ཀྱིས་ ད་ཚུན་ གཞུང་ལས་ རིན་མེད་སྟོང་པ་སྦེ་ཐོབ་མི་ སློབ་གྲྭའི་ཡིག་འབྲི་མཁོ་ཆས་ཚུ་ མི་འཐོབ་ནི་ཨིན་པས།

ཨ་རྟག་འབད་བ་ཅིན་ གཞུང་གིས་ ཁྲོམ་སྡེ་ཀ་པ་༤ གི་ སློབ་གྲྭ་ཚུ་མ་བརྩིས་བར་ ལོ་ཅིག་ནང་ སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༢,༠༠༠ རེ་སྦེ་ སློབ་གྲྭའི་ཅ་ཆས་ཚུ་ ཚར་༢ བྱིན་དོ་ཡོདཔ་ཨིན་པས།

དེ་འབདཝ་ལས་ སློབ་ཕྲུག་ཚུ་གིས་ དུས་ཅི་ལས་ ཁོང་ར་གིས་ ཉོ་དགོ་ནི་ཨིན་པས།

ལྷན་ཁག་གིས་ ལོ་བསྟར་བཞིན་དུ་ ཡིག་འབྲི་མཁོ་ཆས་ དཔེ་དེབ་དང་ པི་སི་ སྒྲོམ་ལ་སོགས་པ་བརྩིས་ཏེ་ ཅ་ཆས་༩ ལུ་ དངུལ་ཀྲམ་ས་ཡ་༣༡༢ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།

དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༠-༢༡ ནང་ སློབ་གྲྭའི་སྒྲིག་གོ་དང་ མལ་ཆས་ ཡིག་འབྲི་མཁོ་ཆས་ མཁོ་སྒྲུབ་འབད་ནིའི་ འཆར་དངུལ་མ་བཞག་མི་ལུ་བརྟེན་ཨིནམ་ད་ སློབ་གྲྭ་ཚུ་གིས་འབད་རུང་ དུས་ཅི་ལས་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ བཞག་དགོཔ་ཨིན་པས།

དེ་ཡང་ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ལུ་བརྟེན་ མ་དངུལ་ཁུངས་ལྡན་སྦེ་ མ་བཞག་ནི་དེ་གིས་ཨིན་པས།

སློབ་གྲྭའི་ཡིག་འབྲི་མཁོ་ཆས་ མཁོ་སྒྲུབ་འབད་ནི་ མེདཔ་བཟོ་མི་གིས་ གྲོང་གསེབ་ཚུ་ནང་ ངོས་འཛིན་འབད་མི་ སློབ་ཕྲུག་ཉམ་ཆུང་༡༢,༠༥༠ ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་རུང་ གཞུང་ལུ་ དངུལ་ཀྲམ་ས་ཡ་༣༠.༡༢༥ དེ་ཅིག་ གསོག་འཇོག་འབད་ཚུགས་ནི་ཨིན་པས།

སྤྱི་ལོ་༢༠༡༩ ཟླ་༦ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སློབ་གྲྭ་ལྟེ་བའི་ཚུ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ གཞུང་གིས་ སློབ་གྲྭའི་ཡིག་འབྲི་མཁོ་ཆས་ཚུ་ རིན་མེད་སྟོང་པ་ བྱིན་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

ཕམ་ཉམ་ཆུང་གི་ སློབ་ཕྲུག་བུཚ་དང་བུམོ་གིས་ སློབ་གྲྭའི་སྒྲིག་གོ་རེ་དང་ ལྷམ་ ཨོམ་སོ་ དེ་ལས་ ནང་ལྷམ་ཚུ་ ཐོབ་དོ་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ དངུལ་རྩིས་ལྷན་ཁག་གིས་ གཞུང་གི་ལས་སྡེ་དང་ ས་གནས་གཞུང་ དེ་ལས་ ལྷན་ཁག་ཚུ་ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ གཞུང་གིས་ རང་དབང་གི་ སློབ་གྲྭ་དང་ སློབ་གྲྭ་ཚུ་ནང་ གནང་བྱིན་ཐོག་ལུ་བྱིན་མི་ མ་དངུལ་དེ་ བཤོལ་བཞག་ཅི་ཟེར་ཨིན་པས།

དེ་མེན་ མ་དངུལ་ཚུ་ སློབ་གྲྭའི་རྒྱུན་སྐྱོང་རྩིས་ཁྲ་ནང་ བཙུགས་འོང་ཟེར་ཨིནམ་མ་ཚད་ དངུལ་རྩིས་ལྷན་ཁག་གིས་ སློབ་གྲྭ་ལྟེ་བ་དང་ རང་དབང་ཅན་གྱི་ སློབ་གྲྭ་༢ ཆ་ར་ལུ་ འཆར་དངུལ་ཚུ་ ས་གནས་གཞུང་ལུ་ ལོ་བསྟར་གནང་བྱིན་དེ་ སྣ་མང་རྒྱུན་འཁོར་འཆར་དངུལ་དང་ མི་མང་འཛིན་སྐྱོང་ལམ་ལུགས་བརྒྱུད་དེ་ བགོ་བཀྲམ་འབད་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།

དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་སྐོར་ ཤེས་རྟོགས་མེདཔ་ལས་ ཤེས་རིག་ལྷན་ཁག་ སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ སློབ་གྲྭ་ཚུ་ནང་ ཡིག་འབྲི་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ གསལ་བསྒྲགས་འབད་ནུག།

ཁྲོམ་ཁར་མི་མང་སྤུངས་འཛོམས་འབད་ནི་ལས་ འཛེམ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ཅ་ཆས་བཀྲམ་སྤེལ་འབད་མི་ཚུ་ ངོས་འཛིན་འབད་དེ་ ཅ་ཆས་ཀྱི་ གོང་ཚད་ཚུ་ བདེ་སྒྲིག་འབད་དེ་ཡོདཔ་ད་ ལས་ཁུངས་ཀྱིས་ རྫོང་ཁག་ ཡང་ཅིན་ ཁྲོམ་སྡེ་ཤེས་རིག་སྡེ་ཚན་གྱིས་ འཆར་དངུལ་བགོ་བཀྲམ་གྱི་དོན་ལུ་ དེ་འཕྲོ་ལས་ ཅ་ཆས་ཀྱི་ མཁོ་མངགས་ཚུ་ བཟོ་དགོཔ་སྦེ་ ལྷན་ཁག་ལས་ གསལ་བསྒྲགས་འབད་ནུག།

འཆར་དངུལ་མེདཔ་ལས་ སློབ་གྲྭ་ཚུ་གིས་ ཡིག་འབྲི་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ གྲ་སྒྲིག་འབད་ཡོདཔ་ད་ ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ གསལ་བསྒྲགས་བཏང་པའི་ཤུལ་ལས་རྐྱངམ་གཅིག་ ན་ཧིང་ དངུལ་རྩིས་ལྷན་ཁག་གིས་བཏང་མི་ གསལ་བསྒྲགས་དེ་ མཐོང་ཅི་ཟེར་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་ཆོད་ཆ་འཇོག་འབད་མི་དེ་ ད་ལྟོ་ཡང་ ཆ་གནས་ཡོདཔ་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ སློབ་གྲྭ་ཚུ་ནང་ གསལ་བསྒྲགས་བཏང་ཡི་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ སླབ་མིའི་ནང་ དངུལ་རྩིས་ལྷན་ཁག་གིས་ ཡིག་འབྲི་མཁོ་ཆས་ཀྱི་ འཆར་དངུལ་དེ་ བཞག་དགོཔ་ཅིག་ཨིནམ་བཞིན་དུ་ ཕམ་ཉམ་ཆུང་གི་སློབ་ཕྲུག་ ངོས་འཛིན་འབད་དེ་ཡོད་མི་༡༢,༠༠༠ དེ་ཅིག་ལུ་ གཞུང་ལས་ རིན་མེད་སྟོང་པའི་ ཅ་ཆས་ཚུ་ བྱིན་དགོ་པའི་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།

དེ་བཟུམ་མ་བྱིན་པ་ཅིན་ སློབ་གྲྭ་བཤོལ་བཞག་མིའི་ གྱངས་ཁ་ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ ཧེ་མ་ཡང་ གནད་དོན་དེ་ལུ་བརྟེན་ དཀའ་ངལ་བྱུང་སྟེ་འདུག་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ གཞུང་གིས་ དེ་བཟུམ་མའི་ གྲོས་ཆོད་བཅད་མི་དེ་ འཕྲལ་བྱུང་གི་ གནད་དོན་ཅིག་ཨིནམ་བཞིན་དུ་ སློབ་ཕྲུག་ཉམ་ཆུང་སྦེ་ ངོས་འཛིན་འབད་མི་ཚུ་ལུ་ ཡིག་འབྲི་མཁོ་ཆས་དང་ སྒྲིག་ཆས་ཚུ་ འཕྲོ་མཐུད་བྱིན་དགོཔ་འདུག་ཟེར་ཨིན་པས།

ནད་ཡམས་ལུ་བརྟེན་ མི་མང་ཤོས་ཅིག་ལུ་ གནོད་པ་བྱུང་སྟེ་ཡོདཔ་ལས་ གྲོས་ཆོད་དེ་ བཞག་དགོཔ་འདུག་ཟེར་ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ གྲོང་གསེབ་ཀྱི་ ཨ་ལོ་ཚུ་གིས་ ཡིག་འབྲི་མཁོ་ཆསད་དང་ སྒྲིག་ཆས་ཚུ་ ཉོ་ནིའི་དོན་ལུ་ གནས་སྐབས་ཀྱི་ ལཱ་ཚུ་ཡང་ འབད་མ་ཚུགས་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *