གོང་གཟིམ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ ཀུན་ཚང་ཤེས་ཡོན་གྱི་ ཆ་ཤས་ཅིག་ཨིན་མི་ དགག་སྒྲུབ་ཀྱི་ འགྲན་བསྡུར་འབད་བའི་བསྒང་།

སློབ་ཕྲུག་ཚུ་གི་དོན་ལུ་ ཀུན་ཚང་ཤེས་ཡོན་ མེད་ཐབས་མེདཔ་ཅིག་ཨིནམ།

༉ ཁྱིམ་ཚུ་ མིག་ཁར་མཛེས་ཏོག་ཏོ་དང་ བྱ་མཆིས་ཆི་བཟོ་ནི་དེ་ ལག་རྩལ་མཁས་པའི་ ལྷ་བྲིསཔ་ཚུ་གི་ལག་པར་ཨིན་རུང་ ཁྱིམ་གྱི་གཞི་འགྱམ་སྒྲིང་སྒྲི་དང་ བཟོ་བཀོད་ཚུ་ གཟི་བརྗིད་དང་ མིག་དཔེ་ཅན་བཟོ་ནི་དེ་ ཤིང་བཟོ་བོ་དང་ རྡོ་བཟོ་བོ་ཚུ་ལུ་ རག་ལས་དོ་བཟུམ་ མཐོ་རིམ་སློབ་གྲྭ་གིས་ སློབ་ཕྲུག་ཚུ་ རང་སོའི་ཆོས་ཚན་ནང་ ལེགས་ཤོམ་དང་ མཐར་འཁྱོལ་ཅན་བཟོཝ་ཨིན་རུང་ ཆོས་ཚན་ཚུ་གི་ གཞི་འགྱམ་ག་ར་ སློབ་གྲྭ་ཚུ་ནང་ལས་ བཙུགསཔ་ཨིན་པས།
དེ་ཡང་ སློབ་ཕྲུག་གི་རྒྱུད་ལུ་ ཡོན་ཏན་གྱི་རྨང་གཞི་ སྒྲིང་སྒྲི་བཙུགས་ཐབས་ལུ་ འབྲི་ལྷག་གི་ ཤེས་ཡོན་རྐྱང་གཅིག་མེན་པར་ མི་ཚེ་ནང་ མཁོ་གལ་ཆེ་བའི་ རྩ་གཞུང་ནང་མེད་པའི་ ཀུན་ཚང་ཤེས་ཡོན་གྱི་ ལས་རིམ་ཚུ་ ག་དེ་མང་མང་ འགོ་འདྲེན་འཐབ་ནི་དང་ སློབ་སྟོན་འབད་ནི་ཚུ་ལས་གཅིག་ དགག་སྒྲུབ་ཀྱི་ འགྲན་བསྡུར་འབད་ནི་དེ་ཨིན་པས།
ཧཱ་གོང་གཟིམ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཀུན་ཚང་ཤེས་ཡོན་ཚུ་ལས་ ཁ་སླབ་ནི་དང་ ཁུངས་བསྐྱལ་ནི་ དེ་ལས་ བློ་སྤོབས་འཐོབ་ནི་ལུ་དམིགས་ཏེ་ ཕྱོགས་སྡེ་ཁག་གི་བར་ན་ དོན་ཚན་གཉིས་ཀྱི་ཐོག་ལུ་ རྫོང་ཁའི་དགག་སྒྲུབ་ཀྱི་ རྩོད་འགྲན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ཁྱུང་སྡེ་ཚན་དང་ འབྲུག་སྡེ་གིས་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་མི་དེ་གིས་ ཕམ་དང་སློབ་ཕྲུག་ཚུ་ལུ་ ཁེ་ཕན་སྦོམ་བྱུང་སྟེ་ཡོད་ཟེར་བའི་ བརྗོད་དོན་ཐོག་ལུ་ རྩོད་འགྲན་འབད་ཡོདཔ་ད་ གཞན་སྟག་སྡེ་ཚན་དང་ སེངྒེ་སྡེ་ཚན་༢ ཀྱིས་ ཁྲིམས་ལུགས་བསྒྱུར་བཅོས་འབདཝ་འདི་ སེམས་བསྒྱུར་བཅོས་འབད་བ་དྲག་ཟེར་བའི་ དོན་ཚན་གུ་ རྩོད་འགྲན་འབད་ཡི།
སློབ་གྲྭའི་རྫོང་ཁ་རྩོམ་རིག་སྡེ་ཚན་གྱིས་ འགོ་འདྲེན་འཐབ་མི་ དགག་སྒྲུབ་རྩོད་འགྲན་གྱི་ སྐུགས་དཔོན་ཚུ་ཡང་ སློབ་གྲྭ་གཞན་ཁ་ལས་འཚོལ་མི་དེ་ཡང་ སྐུགས་ཚུ་རྣམ་དག་དང་ དྲང་བདེན་སྦེ་ བྱིན་ཚུགས་ནི་དང་ ལྟདམོ་བལྟ་མི་ སློབ་ཕྲུག་དང་ སློབ་དཔོན་གཞན་ཚུ་ཡང་ ཡིད་ཆེས་དང་ ངལ་རངས་འབྱུང་ཐབས་ལུ་ཨིན་པས།
དགག་སྒྲུབ་ཀྱི་ སྐུགས་དཔོན་ཅིག་ཨིན་མི་ རྒྱན་ཀ་ནང་སློབ་གྲྭའི་སློབ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ རྩོད་འགྲན་ལེགས་ཤོམ་འབད་ཚུགས་དགོ་པ་ཅིན་ དང་པ་དོན་ཚན་འདི་ རྩོད་རྙོགས་ཅན་ཅིག་ འོང་དགོ་པའི་ཁར་ གཉིས་པ་ ཁུངས་ལེགས་ཤོམ་ བསྐྱལ་ཚུགས་མི་དང་ དེ་གུ་ ལུང་འདྲེན་དང་ དཔེ་གཏམ་ཚུ་གིས་ བཟོ་དགོ་ཟེར་ཨིན་པས།
ད་རུང་ སྐུགས་དཔོན་གཞན་ ཚ་འཕེལ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ དེ་བཟུམ་མའི་ ལས་རིམ་གྱིས་ ཨ་ལོ་ཚུ་གི་རྒྱུད་ལུ་ རིག་རྩལ་ལེ་ཤ་ཡོད་མི་ཚུ་ལས་ ཁུངས་བསྐྱལ་ནི་དང་ ཁ་སླབ་ནི་ དེ་ལས་ བསལ་བཤད་འབདཝ་ད་ མིག་ཏོ་གི་འབྲེལ་བ་ གདོང་དང་ལག་པའི་ རྣམ་འགྱུར་ཚུ་གི་ རིག་རྩལ་ཚུ་ ཡར་དྲག་གཏང་ཚུགས་ཟེར་ཨིནམ་ད་ སྐུགས་དཔོན་ཚེ་རིང་ལྷ་སྒྲོན་གྱིས་འབད་བ་ཅིན་ ཨ་ལོ་ཚུ་གིས་ རྩོད་འགྲན་གྱི་ དོན་ཚན་གུ་ དཔྱེ་གཏམ་དང་ ལུང་འདྲེན་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ སྤྲོ་བ་ཆེ་ཏོག་ཏོ་བྱུང་ཡི་ཟེར་ཨིན་པས།
ཀུན་ཚང་ཤེས་ཡོན་ཡར་རྒྱས་གཏང་ཐབས་དང་ དེ་བཟུམ་མའི་ ལས་རིམ་ཚུ་ནང་ སློབ་ཕྲུག་ཚུ་གིས་ སྤྲོ་བའི་ཐོག་ལས་ བཅའ་མར་གཏོགས་ཐབས་ལུ་ དགག་སྒྲུབ་ཀྱི་ རྩོད་འགྲན་ནང་ རྒྱལ་ཁ་ཐོབ་མི་དང་ ཁ་སླབ་དྲག་ཤོས་ཐོན་མི་ཚུ་ལུ་ སློབ་གྲྭ་གིས་ ལག་ཁྱེར་ཚུ་ བྱིནམ་ཨིན་པས།
དེ་མ་ཚད་ ཀུན་ཚང་ཤེས་ཡོན་གང་མང་ སྤེལ་ཐབས་ལུ་དམིགས་ཏེ་ སློབ་གྲྭ་གིས་ རེ་གཟའ་ཕུར་བུ་ལུ་ དུས་རྒྱུན་གྱི་ སློབ་སྟོན་འབད་ཚར་བའི་ཤུལ་ལས་ ལོ་འཁོར་འཆར་གཞི་དང་བསྟུན་ སློབ་ཕྲུག་ཚུ་གི་ སྤྲོ་བ་དང་འཁྲིལ་ ཚོགས་ཕྲན་མ་འདྲཝ་ ཁག་༡༥ དེ་ཅིག་གི་ ལས་རིམ་ཚུ་ ཨ་རྟག་ར་ འགོ་འདྲེན་འཐབ་མ་ཚད་ གཞན་ཡང་ཞབས་ཁྲ་དང་ རྩང་མོ་ བློ་ཟེ་ཚུ་གསར་རྩོམ་འབད་ནི་དང་འཐེན་ནི་ ལེའུ་བསྒྱུར་ནི་ རྩེད་རིགས་ཁག་མ་འདྲཝ་ཚུ་གི་ འགྲན་བསྡུར་གྱིས་མ་ཚད་པར་ སྒྲིག་ལམ་རྣམ་གཞག་དང་ ལྡུམ་ར་ཚུ་ནང་ ལཱ་འབད་ནིའི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཨིན་པས།
སློབ་ཕྲུག་ཚུ་ལུ་ ནང་པའི་ཆོས་ཀྱི་ གོ་དོན་ཚུ་ ལེགས་ཤོམ་སྦེ་ འཐོབ་ནི་དང་ སེམས་ལེགས་བཅོས་འབད་ཐབས་ལུ་ དུས་ཅི་ལས་ ཤེས་རིག་ལྷན་ཁག་གིས་ གྲྭ་ཚང་ལྷན་ཚོགས་བརྒྱུད་དེ་ འབྲིང་རིམ་སློབ་གྲྭ་བར་མ་དང་ གོང་མ་ཚུ་གི་དོན་ལུ་ རྫོང་ཁག་རེ་ནང་ ཆོས་བཤད་སློབ་དཔོན་ཟེར་ དགེ་སློང་རེ་ ལོགས་སུ་བཏང་སྟེ་ཡོདཔ་བཞིན་དུ་ ཧཱ་རྫོང་ཁག་ནང་ཡང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ སློབ་དཔོན་ཅིག་ཡོདཔ་ཨིན་པས།
ཨོ་རྒྱན་རྡོ་རྗེ་སློབ་གྲྭ་དེ་ སྤྱི་ལོ་༡༩༡༢ ལུ་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་གིས་ འགོ་བཙུགས་ཡོདཔ་ད་ འབྲུག་ལུ་ དེང་སང་གི་ཤེས་ཡོན་ འགོ་ཐོག་སྤེལ་སའི་ སློབ་གྲྭ་རྙིང་ཤོས་ཅིག་ཨིནམ་ལས་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཁབ་ནང་ ཤེས་རིག་འགོ་བཙུགས་ཏེ་ ལོ་ངོ་༡༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་སྐབས་ གཞུང་གིས་ སློབ་གྲྭའི་མིང་ཡང་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་ཟེར་ བསྒྱུར་བཅོས་འབད་ནུག།
ད་རེས་ནངས་པར་ སློབ་གྲྭ་དེ་ནང་ སློབ་རིམ་༩ པ་ལས་༡༢ པ་ཚུན་ཡོདཔ་ད་ སློབ་ཕྲུག་༦༠༠ ལྷགཔ་ཅིག་དང་ སློབ་དཔོན་༤༠ དེ་ཅིག་ཡོད་པའི་གནས་ཚུལ།

བྲིས་མི་ འཇམ་དབྱངས་ཕུན་ཚོགས། ཧཱ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *