སློབ་ཕྲུག་ཚུ་གི་དོན་ལུ་ ཚ་གྱང་ཆེ་བའི་གནད་དོན།

༉ རྒྱལ་ཁབ་ནང་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ལ་ལོ་ཅིག་ སྒོ་བསྡམས་བཞག་དགོཔ་བྱུང་པའི་ཁར་ སློབ་ཕྲུག་ཨ་ལོ་ཚུ་གིས་ཡང་ སློབ་གྲྭ་ནང་ལས་ ཐོན་སྡོད་པའི་ གནས་སྟངས་བྱུང་ཡི།

འདི་དང་འདྲཝ་སྦེ་ སློབ་དཔོན་བརྒྱ་ལས་བཅད་དེ་ དགོངས་ཞུ་འབད་མིའི་གྲས་ལས་ མང་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་རྒྱ་སྐྱེད་དང་འབྲེལ་ ལཱ་འབད་བར་སོང་མི་དེ་གིས་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་བྱུང་ཡོདཔ་ལས་ སློབ་དཔོན་ཚབ་བཙུགས་འབད་དགོ་པའི་ མངོན་གསལ་བྱུངམ་ཨིན་མས།

ད་རེས་འབདཝ་ད་ སློབ་གྲྭ་ཚུ་ནང་ སློབ་དེབ་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་ལྟཝ་ད་ སློབ་གྲྭ་ཚུ་ གནས་སྟངས་སྐྱོ་ཤོས་ཅིག་ལུ་ ཐུག་ནིའི་ཉེན་ཁ་འདུག།

སློབ་གྲྭ་ཚུ་གིས་ མ་དངུལ་མར་ཕབ་རྐྱབ་ནིའི་ ཐབས་ལམ་ལུ་དམིགས་ཏེ་ ཤུལ་མའི་སློབ་དུས་དོན་ལུ་ ད་རེས་ སློབ་དེབ་གསརཔ་ཚུ་ མཁོ་མངགས་འབད་ནི་ བཤོལ་བཞག་སྟེ་ཡོདཔ་ད་ མ་གཞི་ མ་དངུལ་གྱི་ཐད་ཁར་ ཚ་གྱང་ལང་དགོཔ་ངེས་བདེན་ཨིན་རུང་ སློབ་ཕྲུག་སྟོང་ཕྲག་ལས་བཅད་དེ་ སློབ་དེབ་མེད་པར་ བཞག་ནི་དེ་ཡང་ ང་བཅས་ར་ འཛོལ་བ་སྦོམ་ཅིག་ཨིནམ་སྦེ་ བརྩི་འཇོག་འབད་དགོཔ་འདུག།

གསར་སྤང་དང་ པདྨ་དགའ་ཚལ་རྫོང་ཁག་ དེ་ལས་ བསམ་གྲུབ་ལྗོངས་ཁྲོམ་སྡེ་བཟུམ་ཅིག་འབད་བ་ཅིན་ སློབ་དེབ་མཁོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་མེདཔ་ད་ རྫོང་ཁག་དེ་༣ ནང་ སློབ་ཕྲུག་ཨ་ལོ་སྟོང་ཕྲག་ལས་བཅད་དེ་ ཡོདཔ་ཨིན་མས།

སློབ་དེབ་ཚུ་ པར་སྐྲུན་འབད་ནིའི་ཐད་ཁར་ རྒྱལ་ཁབ་ནང་ཡོད་མི་ པར་སྐྲུན་ལས་ཁང་༤ ལུ་ སྤྲོད་དེ་ཡོད་རུང་ དཀའ་ངལ་བྱུང་སྟེ་འདུག།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སློབ་དེབ་ཀྱི་ མང་ཉུང་དང་འཁྲིལ་ཏེ་ རིན་བསྡུར་གོང་ཚད་བཀོད་མི་དང་ ལཱ་གི་བཀའ་རྒྱ་ཚུ་ མཐུན་སྒྲིག་མེད་ནི་དེ་གིས་ཨིན་མས།

ང་བཅས་ར་ ཁེ་སང་དུམ་གྲ་ཅིག་མེད་པ་ཅིན་ པར་སྐྲུན་ལས་ཁང་ཚུ་གིས་འབད་རུང་ སློབ་དེབ་ཚུ་ པར་སྐྲུན་མི་འབད་ནི་ཨིན་པའི་ ཤེས་རྟོགས་འབྱུང་དགོཔ་ད་ སློབ་དེབ་ཀྱི་མང་ཉུང་ནང་ བརྒྱ་ཆ་༡༥ ལས་༢༠ ཚུན་ ཁྱད་པར་འཐོན་སྲིད་པའི་ ཕན་ཚུན་མོས་མཐུན་བྱུང་ཡོད་རུང་ ད་ལྟོ་ཚུན་ པར་སྐྲུན་ལས་ཁང་ཚུ་གིས་ ཐ་ན་ ལཱ་བརྒྱ་ཆ་༥༠ ཡང་ འཐོབ་མ་ཚུགས་པར་འདུག།

བཅུད་དོན་ངོ་མ་ར་ པར་སྐྲུན་ལས་ཁང་ཚུ་དང་ ཁེ་སང་གི་སྐོར་ལས་མེན་པར་ སློབ་གྲྭ་ཚུ་ནང་ སློབ་སྟོན་གྱི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་མི་ སློབ་དེབ་ཚུ་མེད་པའི་ ཉེན་ཁའི་སྐོར་ལས་ཨིན།

འབྲུག་གིས་ མ་འོངས་ཡར་འཐོན་བཟོ་ནིའི་ རྨང་གཞི་དེ་ར་ ཤེས་རིག་ཨིན་རུང་ སློབ་དེབ་བཟུམ་མའི་ སློབ་གྲྭའི་ཤེས་རིག་གི་དོན་ལུ་ གཞི་རྟེན་གྱི་ དགོས་མཁོ་ཚུ་མེད་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིནམ་ད་ ད་ལྟོ་ སློབ་དེབ་མ་ལང་མི་དེ་ གནས་སྐབས་ཀྱི་དོན་ལུ་སྦེ་མེན་པར་ ཡུན་རིང་གི་ དཀའ་ངལ་བསལ་དགོཔ་འདུག།

སློབ་གྲྭ་ཚུ་ནང་ ཨང་གནས་ཅན་གྱི་ སློབ་དེབ་ཚུ་ འགོ་བཙུགས་མ་ཚུགས་ཚུན་ སློབ་དེབ་ཚུ་ ངེས་པར་དུ་ དགོས་མཁོ་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ གློག་རིག་ལེཔ་ཊོབ་དང་ ཡང་ཅིན་ ཊེབ་ལེཊ་ཚུ་ བྱིན་ནིའི་དོན་ལུ་ ད་ལྟོ་ དུས་ཚོད་འགོར་ནི་ཨིན་རུང་ རྒྱལ་ཁབ་ཀྱི་ མ་འོངས་པ་དེ་ ན་གཞོན་ཚུ་གི་ ལག་པར་ཨིན་པ་ཅིན་ ཐོན་ཁུངས་ལ་སོགས་པའི་ ཐབས་ལམ་ཚུ་བཏོན་ཏེ་ མཁོ་སྒྲུབ་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *