སློབ་ཕྲུག་བུཚ་ཅིག་ལུ་ བང་བཙོང་མི་ དོགས་ཅན་༤ འཛིན་བཟུང་།

༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ མི་སྡེ་བརྡ་བརྒྱུད་ཕེགསི་བུག་ནང་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་གིས་ ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ ལོ་ངོ་དང་པའི་ སློབ་ཕྲུག་ཅིག་ལུ་ དབང་བཙོང་འབད་བའི་ གློག་བརྙན་ཐུང་ཀུ་ བཀྲམ་སྤེལ་འབད་བའི་ འབྲེལ་གནད་ནང་ དོགས་ཅན་དེ་ ཁྲིམས་སྲུང་འགག་པ་གིས་ དར་ལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་གྱི་ ཆ་རོགས་ཅིག་ སྤ་རོ་ལས་དང་ གཞན་༢ ཐིམ་ཕུག་ལས་ འཛིན་བཟུང་འབད་དེ་ ད་ལྟོ་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
མ་གཞི་ མི་སྡེ་བརྡ་བརྒྱུད་ནང་ གློག་བརྙན་ཐུང་ཀུ་ བཙུགས་ཏེ་ཡོད་མི་དང་འཁྲིལཝ་ད་ དོགས་ཅན་ཕོ་སྐྱེས་དེ་ ཐིམ་ཕུག་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཨིནམ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་རུང་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་གིས་ དོགས་སེལ་འབད་མིའི་ནང་ དོགས་པ་ཅན་དེ་ མཐོ་རིམ་སློབ་གྲྭ་དེ་གི་ སློབ་ཕྲུག་ཨིན་རུང་ ཁོ་ར་ མཐར་འཁྱོལ་ཏེ་ ལོ་༢ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
བྱ་ངན་དེ་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ བྱུང་ཡོདཔ་སྦེ་ འཁོད་དེ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སློབ་གྲྭའི་ ཉེ་འདབས་ལུ་མ་གཏོགས་ མཐོ་རིམ་སློབ་གྲྭའི་ནང་ན་ བྱུང་བྱུངམ་མེན་པས་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་འགྱོ་མི་དང་འཁྲིལཝ་ད་ བང་བཙོང་མི་ དོགས་པ་ཅན་དེ་གིས་ ཉམས་རྒུདཔ་བུཚ་གི་རྐང་མར་ འུ་བཀལ་བཅུགཔམ་མ་ཚད་ ཁོ་ལུ་ ཕྱག་འཚལ་ཟེར་སླབ་སྟེ་ ཕྱག་འཚལ་བའི་ མཐོང་སྣང་ཚུ་ མཐོང་ཚུགསཔ་ཨིན་པས།
གལ་སྲིད་ ཉམས་རྒུདཔ་དེ་གིས་ ཁོ་གིས་སླབ་མི་ལུ་ མ་ཉནམ་ད་ ཟ་ལྟབ་གུ་ ལྡན་ལྕག་བླུགསཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ འགག་སྡེ་ལུ་ སྙན་ཞུ་འབད་འབདཝ་མེད་རུང་ བྱུང་རྐྱེན་དེ་ ཁྲིམས་འགལ་ཨིནམ་མ་ཚད་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་འགྱོ་ས་ མཐོང་པའི་ཤུལ་ལུ་ ཁོང་གིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ གནད་དོན་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་མ་འབད་རུང་ དེ་གིས་ མི་སྡེ་ལུ་ གནོདཔ་མ་ཚད་ བང་བཙོང་དབང་བཙོང་འབད་མི་དེ་ ཁྲིམས་འགལ་ཨིནམ་ལས་ དེ་དང་འཁྲིལ་ཏེ་ འགག་སྡེ་གིས་ ཞིབ་དཔྱད་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།
དོགས་ཅན་དེ་ དར་ལ་ལུ་ སྡོད་དོ་ཡོདཔ་ ཤེས་པའི་ཤུལ་ལུ་ དེ་ཚེ་ མི་སྡེ་བརྡ་བརྒྱུད་ནང་ གློག་བརྙན་ཐུང་ཀུ་ ཁྱབ་སྤེལ་འགྱོཝ་ཅིག་ར་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་དེ་ ཐིམ་ཕུག་ལུ་ ཞིབ་དཔྱད་ཀྱི་དོན་ལུ་ ཁྱིད་འོང་ཡོདཔ་ཨིན་པས།
ཨིན་རུང་ གློག་བརྙན་ཐུང་ཀུ་དེ་ ཁོ་གིས་ བཟོ་ཡོད་པའི་ རྫུན་ཁ་མ་བཟེད་པའི་ཁར་ མི་སྡེ་བརྡ་བརྒྱུད་ནང་ཡང་ མ་བཙུགས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཁོ་གི་ཆ་རོགས་གཞན་༣ གྱིས་ཡང་ ཁ་བཟེད་མ་བཏུབ་རུང་ ཁྲིམས་སྲུང་འགག་པ་་གིས་ འབད་བ་ཅིན་ འཕྲལ་མགྱོགས་ར་ གློག་བརྙན་ཐུང་ཀུ་བཟོ་མི་དང་ ཁྱབ་སྤེལ་འབད་མི་ག་ཨིན་ན་ བདའ་ཟུན་འོང་ཟེར་ཨིན་པས།
མ་གཞི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ ཟླ་ངོ་༡ གི་ཧེ་མར་ བྱུང་ཡོདཔ་ཨིན་རུང་ གློག་བརྙན་ཐུང་ཀུ་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཁྱབ་སྤེལ་འབད་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ ཉམས་རྒུདཔ་དང་གཅིག་ཁར་ འབྲེལ་བ་མ་འཐབ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *