སློབ་ཕྲུག་༤༧ དེ་ཅིག་ལུ་ ཁ་ཚིགས་རྐང་ནད་ཐོབ་ཡོདཔ།

༉ སློབ་ཕྲུག་༤༧ དེ་ཅིག་ལུ་ ཁ་ཚིགས་རྐང་ནད་ཐོབ་ཡོདཔ་ལས་ གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་ནང་ ཁ་ཚིགས་རྐང་ནད་ཐོན་ཡོད་པའི་ གསལ་བསྒྲགས་འབད་ཡོདཔ་ད་ ནག་གཞི་དེ་ཡང་ དབང་འདུས་དང་ སྤུ་ན་ཁ་ གཞལམ་སྒང་རྫོང་ཁག་༣ ནང་ ཐོབ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ དུས་ཚོད་མ་འདྲཝ་ཚུ་ནང་ སྙན་ཞུ་འབད་ཡོདཔ་ལས་ ནད་གཞི་དེ་ འགོ་དང་པ་ ནམ་ཐོན་ཡོདཔ་ཨིན་ནའི་ དུས་ཚོད་གཏན་འཁེལ་མེད་ཟེར་ཨིནམ་ད་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ ནད་གཞི་ཐོབ་མི་ཨ་ལོ་ཚུ་ཁྱིམ་ནང་ སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

མི་མང་གསོ་བའི་ ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ རིན་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ ནད་གཞི་དེ་ དུས་ཚོད་འ་ནེམ་ཅིག་ཁར་ ཐོན་མི་ཅིག་ཨིནམ་བཞིན་དུ་ ཁ་ཚིགས་རྐང་ནད་ཀྱི་ ནད་གཞི་དེ་ སྒོ་ནོར་སེམས་ཅན་ཚུ་ལུ་ ཁྱབ་ཆེ་དྲགས་སྦེ་ ཐོནམ་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནད་གཞི་དེ་ ལོ་༢ དང་༣ དེ་ཅིག་གི་ཤུལ་ལས་ འཐོན་དོ་ཡོདཔ་བཞིན་དུ་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་ཚུ་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ རྫོང་ཁག་༡༡ ནང་ ཁ་ཚིགས་རྐང་ནད་ཀྱི་ ནད་གཞི་ཐོན་ཡོད་པའི་ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༩ ལུ་ཡང་ ཁ་ཚིགས་རྐང་ནད་ཀྱི་ གནད་དོན་རེ་གཉིས་ཐོན་ཡོད་རུང་ སྙན་ཞུ་མ་ལྷོད་ཟེར་ཨིནམ་ད་ གུ་རམ་ལ་སོགས་པའི་ ནད་གཞི་ཡོད་མི་ཚུ་ལུ་ ཉེན་ཁ་འོང་ཟེར་ཨིན་པས།

ཁ་ཚིགས་རྐང་ནད་དེ་ འབུ་ཉེན་ཅན་གྱི་ ནད་འབུབ་ཅིག་ཨིནམ་ད་ ནད་གཞི་དེ་ཐོབ་ད་ ལྐོདམ་ནང་ རྨ་འཐོན་ནི་ གཟུགས་བདེ་ཏོག་ཏོ་མི་འོང་ནི་དང་ ན་ཟུག་རྐྱབ་ནི་ ལྕེ་དང་སོའི་རྙིའུ་ ཟ་ལྟབ་གུ་ ཆུ་བུར་དམརཔོ་ཚུ་འཐོན་ནི་ དེ་ལས་ ལག་མཐིལ་དང་རྐང་མཐིལ་ འཕྲལ་འཕྲལ་ཨ་བུག་ཚུ་ནང་ སྤོ་རོ་ཚུ་ འཐོན་དོ་ཡོདཔ་བཞིན་དུ་ ནད་གཞི་ཐོབ་མི་ཚུ་ལུ་ བཟའ་ཁམས་ཚུ་ཡང་ མི་འོང་ནི་ཨིན་པས།

སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་དང་ ལྷག་པར་དུ་ ཕོ་སྐྱེས་དང་ གཙང་སྦྲ་འཕྲོད་བསྟེན་མེད་མི་ དེ་ལས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་མང་སུ་འཐབ་མི་ཚུ་ ཉེན་ཁ་སྦོམ་ཡོདཔ་བཞིན་དུ་ ནད་གཞི་དེ་ འགོ་དང་པ་ཐོབ་ད་ དྲོད་འབར་དུམ་གྲ་རེ་དང་ ལྷ་པ་ནང་ལས་ ཆུ་འཐོན་དོ་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨ་ལོ་ཚུ་གིས་ འཕྲལ་འཕྲལ་ར་ ལགཔ་ཆུ་འཁྱུ་སྟེ་ གཙང་སྦྲ་འཕྲོད་བསྟེན་འབད་དགོཔ་ད་ ནད་གཞི་ཐོབ་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་དང་ ཕོརཔ་ལ་སོགས་པ་ཚུ་ གཅིག་ཁར་ལག་ལེན་འཐབ་ནི་ཚུ་ལས་ འཛེམ་དགོ་པའི་ བསླབ་སྟོན་འབད་དོ་ཡོད་པའི་གནས་ཚུལ།སྐལ་བཟང་དབང་ཕྱུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *