ན་གཞོན་སློབ་ཕྲུག་ཚུ་གིས་ ལུས་རྩལ་འགྲན་བསྡུར་གྱི་དོན་ལུ་ ཁས་བླངས་དམ་བཅའ་ཞུ་བའི་བསྒང་།

སློབ་ཕྲུག་༤༠༠ གིས་ རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་ནང་གྲལ་གཏོགས།

༉ དུས་ཅི་ རྒྱལ་ཡོངས་སློབ་གྲྭའི་ ལུས་རྩལ་འགྲན་བསྡུར་ ཐེངས་༡༤ པའི་ནང་ རྫོང་ཁག་༢༠ དང་ ཁྲོམ་སྡེ་༤ གི་ སློབ་གྲྭ་༡༠༤ ལས་ སློབ་ཕྲུག་༤༠༠ དེ་ཅིག་གིས་ བཅའ་མར་གཏོགསཔ་ཨིན་པས།
ལུས་རྩལ་ནང་ དོན་སྨིན་ཅན་སྦེ་ བཅའ་མར་གཏོགས་ཏེ་ ན་གཞོན་གོང་འཕེལ་གཏང་དགོ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་མི་ འགྲན་བསྡུར་དེ་ཡང་ ཁ་ཙ་ ཐིམ་ཕུག་རྒྱལ་ཡོངས་ལུས་རྩལ་ཐང་ནང་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ འགོ་འབྱེད་འབད་ཡི།
སློབ་ཕྲུག་བུཚ་དང་ བུམོ་གཉིས་ཆ་ར་གིས་ རྒྱུག་ལམ་རྩེད་རིགས་ཁག་༡༣ དང་ ས་ཁོངས་ལུས་རྩལ་ལ་སོགས་པའི་ཚུ་ནང་ འགྲན་བསྡུར་འབད་ནི་ཨིནམ་ད་ སློབ་ཕྲུག་ཚུ་ཡང་ རྫོང་ཁག་གི་ གནས་རིམ་ནང་ འགྲན་བསྡུར་འབད་དེ་ དྲག་ཤོས་ཐོན་པའི་ཤུལ་ལས་ རྒྱལ་ཡོངས་ཀྱི་ འགྲན་བསྡུར་ནང་ གདམ་འཐུ་འབད་མི་ཚུ་ཨིན་པས།
འགྲན་བསྡུར་དེ་ཡང་ སློབ་ཕྲུག་ཨ་ལོ་ཚུ་གི་ གཟུགས་ཁམས་དང་ བསམ་སྤྱོད་གོང་འཕེལ་གཏང་ཐབས་དང་ འབྲུག་ལུས་རྩལ་ཚོགས་པ་གིས་ ལུས་རྩལ་ནང་ ལྕོགས་གྲུབ་ཅན་གྱི་ ན་གཞོན་ཚུ་ གདམ་འཐུ་འབད་དེ་ རྒྱལ་ཡོངས་ཀྱི་ ལུས་རྩལཔ་སྦེ་ བཞག་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་པས།
འགོ་འབྱེད་སྐབས་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ལུས་རྩལ་ལུ་བརྟེན་ གཟུགས་ཁམས་བདེ་ཏོག་ཏོ་དང་ སྒྲིང་སྒྲི་སྦེ་ སྡོད་ཚུགས་ནི་ཨིནམ་མ་ཚད་ ནད་གཞི་ཚུ་ལས་ཡང་ སྔོན་འགོག་འབད་དེ་ ཤེས་ཡོན་ལེགས་ཤོམ་སྦེ་ སྦྱང་བརྩོན་འབད་ཚུགས་ནི་ཨིནམ་ལས་ ལུས་རྩལ་དེ་ ག་དེ་དྲག་དྲག་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཐག་རིང་བང་རྒྱུག་གི་ དབྱེ་ཁག་ནང་ འགྲན་བསྡུར་འབད་མི་ སྟག་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ ཚེ་དབང་སྒྲོལ་མ་གིས་ སླབ་མིའི་ནང་ ན་ཧིང་ འགྲན་བསྡུར་ནང་ བཅའ་མར་གཏོགས་ཏེ་ ཨང་༣ པ་ཐོན་ཡོད་པའི་ ཉམས་མྱོང་ཡོདཔ་ལས་ དུས་ཅི་ མོ་གིས་ ཨང་དང་པ་ འཐོན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཉིན་གྲངས་༥ འབད་མི་ ལོ་བསྟར་ལས་རིམ་དེ་ཡང་ ན་གཞོན་དང་ རྩེད་རིགས་ལས་ཁུངས་དང་ འབྲུག་ལུས་རྩལ་ཚོགས་པ་༢ མཉམ་འབྲེལ་ཐོག་ལུ་ འགོ་འདྲེན་འཐབ་དོ་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *