ཁ་ཙ་ མཇུག་བསྡུ་མི་ གནམ་བྱཱར་གྱི་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ།

སློབ་ཕྲུག་༡༢༧ གྱིས་ ནང་ཆོས་དང་ ལམ་སྲོལ་གོམས་འདྲིས་སློབ་སྦྱོང་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ ནང་ཆོས་དང་ ལམ་སྲོལ་གོམས་འདྲིས་ནང་ བཅའ་མར་གཏོགས་མི་ ན་གཞོན་སློབ་ཕྲུག་༡༢༧ ལུ་ ལག་ཁྱེར་གནང་ཐོག་ལས་ བདུན་ཕྲག་༢ ཀྱི་ ནང་ཆོས་དང་ ལམ་སྲོལ་གོམས་འདྲིས་སློབ་སྦྱོང་མཇུག་བསྡུ་ཡི།
ལས་རིམ་ཐེངས་༤ པའི་ནང་ སྤྲོ་བ་དང་ དང་འདོད་ཡོད་མི་ སློབ་རིམ་༧ པ་ལས་ སློབ་རིམ་༡༢ པའི་ སློབ་ཕྲུག་བུཚ་དང་བུམོ་༡༢༧ གྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཁོང་གིས་ དྲོ་པ་སྔོན་འགྲོ་དང་ ལྷ་བསངས་གཏང་ནི་ལས་འགོ་བཙུགས་ ནང་པའི་ཆོས་ཀྱི་ འབྱུང་ཁུངས་དང་ ལམ་ལུགས་ཚུ་ ལྷབ་སྦྱང་འབད་ཡོདཔ་ཨིན་པས།
ཉིན་བསྟར་བཞིན་དུ་ གཞུང་གྲྭ་ཚང་ལས་ བཤད་གྲྭའི་མཁན་པོ་དང་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ཡོདཔ་ བཞིན་དུ་ སྐུ་མགྲོན་ཚུ་ཡང་ འབྲུག་གི་བློན་ཆེན་གྱི་གཙོས་པའི་ ཁྲིམས་སྤྱི་བློན་པོ་དང་ ཁྲིམས་སྲུང་འགག་སྡེ་ རྒྱལ་ཡོངས་ཚོགས་འདུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ དེ་ལས་ ལྷན་ཁག་དང་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ ཤེས་ཡོན་སྤེལ་ནུག།
འགོ་འདྲེན་པ་ ནང་པའི་སྨན་ཁང་གི་ དྲུང་འཚོ་རྟ་མགྲིན་ཕུརཔ་གིས་ སླབ་མིའི་ནང་ ལས་རིམ་དེ་ སྤྱི་ལོ་༢༠༡༤ ལུ་ སློབ་ཕྲུག་ཚུ་ ངལ་གསོའི་སྐབས་ བདུན་ཕྲག་ལྷགཔ་ཅིག་གི་རིང་ སེམས་རྟོགས་ཁ་རྫོང་ནང་ འགོ་འདྲེན་འཐབ་པའི་ཤུལ་ལས་ སྤ་རོ་དང་ ཕུན་ཚོགས་གླིང་ རྟ་མགོ་ དེ་ལས་ དུས་ཅི་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གིས་ རྟ་མགོ་ལུ་ ཉིན་གྲངས་༤༥ གི་རིང་ དབྱར་གནས་སྲུང་པའི་སྐབས་ བཅའ་མར་གཏོགས་པའི་ཤུལ་ལས་ ན་གཞོན་ཚུ་ལུ་ ནང་ཆོས་དང་ ལམ་སྲོལ་གོམས་འདྲིས་སློབ་སྦྱོང་བྱིན་པ་ཅིན་ ཁེ་ཕན་འོང་ནི་མས་ཟེར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་ཞུཝ་ད་ བཀའ་གྲོལ་གནང་ཡི་ཟེར་ཨིན་པས།
འགོ་འདྲེན་འཐབ་སའི་ ས་ཁོངས་དང་ མཐུན་རྐྱེན་ཚུ་ དྲུང་འཚོ་རྟ་མགྲིན་གྱིས་གཙོས་པའི་ ཁས་བླངས་པ་སྡེ་ཚན་ དང་ ཆོས་ཕྱོགས་ཀྱི་ རིམ་པ་ཚུ་ གྲྭ་ཚང་ལྷན་ཚོགས་ལས་ རྒྱབ་སྐྱོར་གནངམ་ཨིན་པས།
སྐྱེས་ལོ་༡༦ ལང་མི་ ན་གཞོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལོ་༡༥ གི་རིང་ སློབ་གྲྭ་ནང་ ཤེས་ཡོན་ སྦྱང་མི་དང་ཕྱདཔ་ད་ ད་རེས་བདུན་ཕྲག་༢ ཀྱི་རིང་ གོམས་འདྲིས་སྦྱོང་བརྡར་འབད་མི་དེ་ དྲག་པས་ཟེར་ཨིན་པས།
གནམ་བྱཱར་དང་ དགུན་གྱི་སློབ་གྲྭའི་ ངལ་གསོའི་སྐབས་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་མི་ལུ་བརྟེན་ སློབ་ཕྲུག་དག་པ་ཅིག་གིས་ དགེ་སློང་དང་ ཨ་ནེམོ་སྦེ་ འཛུལ་ཡོདཔ་མ་ཚད་ ད་ལྟོའི་ སློབ་ཕྲུག་ཚུ་གིས་ དུང་དང་ རྒྱ་གླིང་འཕུ་ནི་ རོལམོ་དང་ དྲིལ་བུ་ལག་ལེན་འཐབ་ནི་ དེ་ལས་ དྲོ་པ་ལྷ་བསངས་དང་ ཁ་ཐུན་གཞན་གཏང་ནིའི་ ཁེ་ཕན་ཚུ་ཡང་ཡོད་ཟེར་ སློབ་ཕྲུག་སངས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཨ་ལོའི་ཕམ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ ལོ་རེ་ནང་ ལན་ཐེངས་༢ འགོ་འདྲེན་འཐབ་མི་ ལས་རིམ་དེ་ལུ་བརྟེན་ ངལ་གསོའི་སྐབས་ སྨྱོ་རྫས་སྤྱོད་ནི་དང་ ཆ་རོགས་ངན་པ་ཚུ་དང་ ཁ་བསྡོམས་ཏེ་ བཀྲ་མ་ཤིསཔ་ འབད་ཐོག་ལས་ མི་སྡེའི་ནང་ དཀའ་ངལ་འབྱུང་ནི་ལས་ བཀག་ཐབས་འབད་བའི་ཁར་ ནང་པའི་ཆོས་ལུ་ དད་པ་དང་ མོས་གུས་བསྐྱེད་ཚུགསཔ་མ་ཚད་ ཉིན་བསྟར་བཞིན་དུ་ བཟང་པོའི་ལཱ་འབད་མི་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *