སློབ་དཔོན་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་མ་ཆོགཔ་ཨིན་ན?

༉ ཤེས་རིག་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ནང་ ལཱ་འབད་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པའི་སྐོར་ལས་ ཁྱབ་བསྒྲགས་འབད་ཡོད་མི་ལུ་ སློབ་གྲྭའི་སློབ་དཔོན་མང་ཤོས་ཅིག་གིས་ ཁོང་རའི་ བསམ་འཆར་བཀོད་ནིའི་ དལ་དབང་དེ་ བཀག་ཆ་འབད་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས་ཟེར་ སླབ་ཨིན་པས།

ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཁྱབ་བསྒྲགས་དེ་ སྤྱིར་བཏང་མི་མང་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ངེས་བདེན་གྱི་ བརྡ་དོན་ཚུ་ འཐོབ་ཚུགས་ནི་དང་ ཤེས་རིག་གི་ ལས་བྱེདཔ་ཚུ་ལུ་ དྲན་གསོའི་ཡི་གུ་བཟུམ་ཅིག་ཨིན་ཟེར་ཨིན་པས།

སློབ་དཔོན་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ ཤེས་རིག་གི་སྐོར་ལས་ འོས་འབབ་མེད་པའི་ གནད་དོན་ཚུ་ ཁྱབ་སྤེལ་འབད་བའི་ཤུལ་ལས་ ལྷན་ཁག་གིས་ སྤྱི་ཟླ་༥ པའི་ཚེས་༡ ལུ་ ཁྱབ་བསྒྲགས་འབད་ནུག།

ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ ཁྱབ་བསྒྲགས་ནང་ དཔེར་ན་ མི་སྡེ་བརྡ་བརྒྱུད་ནང་ སློབ་གྲྭའི་སྲིད་བྱུས་ལུ་ མི་མང་གི་ ཁ་གཏང་ནི་དང་ སློབ་ཕྲུག་ཚུ་ལས་ གནང་བ་མེད་པར་ ཁོང་རའི་པར་དང་ གློག་བརྙན་ཚུ་བཏོན་ནི་ དེ་ལས་ དོན་མེད་ཀྱི་ ལོ་རྒྱུས་ཁྱབ་སྤེལ་འབད་ནི་དེ་ ཚུལ་མིན་གྱི་ བྱ་སྤྱོད་ཅིག་ཨིན་ཟེར་བཀོད་ནུག།

འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞི་གཡོགཔ་ག་འབད་རུང་ མི་སྡེ་བརྡ་བརྒྱུད་ནང་ ཞི་གཡོག་གི་ བཅའ་ཁྲིམས་དང་སྒྲིག་གཞི་༢༠༡༨ ཅན་མའི་བྱ་རིམ་ལས་ འགལ་བ་མེདཔ་སྦེ་ འབྲིས་ནིའི་དབང་ཆ་ཡོད་ཟེར་ཨིན་པས།

གལ་སྲིད་ སློབ་དཔོན་ཚུ་གིས་ མི་སྡེ་བརྡ་བརྒྱུད་དེ་ ཚུལ་དང་མ་མཐུནམ་སྦེ་ ལག་ལེན་འཐབ་པ་ཅིན་ རང་སོའི་འགན་འཁྲི་ལས་འགལ་བའི་ བྱ་སྤྱོད་ཅིག་ཨིནམ་ལས་ གནད་དོན་ལ་ལོ་ནང་ དང་ལེན་འབད་དགོཔ་ཡང་ འཐོན་འོང་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་ འཕྲལ་འཕྲལ་ར་ སློབ་ཕྲུག་ཚུ་དང་ འབྲེལ་བ་འཐབ་སྡོད་དོ་ཡོདཔ་ལས་ ལྷན་ཁག་གིས་ མི་སྡེ་བརྡ་བརྒྱུད་ལག་ལེན་གྱི་ ལམ་སྟོན་ཅིག་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ལམ་སྟོན་ནང་ སློབ་སྟོན་པ་ཚུ་གི་ འགན་ཁུར་དང་ ཕན་བདེ་ དལ་དབང་ དེ་ལས་ སློབ་ཕྲུག་ཉེན་སྐྱོབ་འབད་ནི་ཚུ་ བཙུགས་ནི་ཨིནམ་ད་ ལམ་སྟོན་དེ་ཡང་ སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་སྟོན་འབད་ཐོག་ལས་ ལག་ལེན་འཐབ་ནི་ཨིན་པས།

སློབ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ལྷན་ཁག་གིས་ དྲན་གསོའི་ཁྱབ་བསྒྲགས་བཏང་ཡོད་རུང་ ཁོང་རའི་ དལ་དབང་དེ་ བཀག་ཆ་འབད་དོ་བཟུམ་ཅིག་ཨིནམ་ད་ ཁོང་གིས་ མི་སྡེ་བརྡ་བརྒྱུད་ནང་ ག་ནི་ཡང་ འབྲི་མ་ཆོག་པ་ཅིན་ ད་རེས་ ལམ་ལུགས་གསརཔ་ཅིག་ བཟོ་དོ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *