སློབ་དཔོན་ཚུ་གིས་ དགོངས་ཞུའི་ཡི་གུ་ ཆ་མེད་བཏངམ་མས་ཟེར་མི་དེ་ འཐོར་གཏམ་ཨིནམ།

༉ དམིགས་བསལ་གྱི་ ངལ་གསོ་ལེན་སྡོད་མི་དང་ དགོངས་ཞུ་འབད་ནིའི་ འཆར་གཞི་ཡོད་མི་ སློབ་གྲྭའི་སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ དངུལ་ཕོགས་དང་ འཐུས་ཡར་སེང་འབད་མི་ལུ་བརྟེན་ འཆར་གཞི་ཆ་མེད་བཏང་སྟེ་ རང་སོའི་ལཱ་གཡོག་ནང་ རང་འཇགས་སྦེ་ ཕྱག་ཞུ་ནི་སྦེ་ ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་ སྤུངས་འཛོམས་འབད་དེ་འདུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ལྷན་རྒྱས་གདན་ས་ལུ་ གློ་བུར་གྱི་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཞུང་གི་མགྲིན་ཚབ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ བཤད་ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ ཁྲོམ་སྡེ་དང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་ལུ་ འབྲེལ་བ་འཐབ་པའི་སྐབས་ འདི་བཟུམ་མའི་ སྤུངས་འཛོམས་འབད་བའི་ ལོ་རྒྱུས་མིན་འདུག།
ཁྲོམ་སྡེ་དང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་གིས་ དམིགས་བསལ་དང་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནིའི་ ཞུ་ཡིག་བཙུགས་མི་ཚུ་ ཆ་མེད་གཏང་ནི་གི་ གནད་དོན་རེ་གཉིས་མ་གཏོགས་ མ་ཐོན་ཟེར་ཨིན་པས།
སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་གི་ སྤུས་ཚད་མར་བབས་སོང་མི་དེ་ཡང་ གཞུང་གིས་ ཁོང་ལུ་ འོས་འབབ་ལྡན་པའི་ བརྩི་མཐོང་མ་བསྐྱེད་མི་ལུ་བརྟེན་ཨིནམ་བཞིན་དུ་ བློན་པོ་ཁོ་ར་ཡང་ དེ་གི་གྲངས་སུ་ སྡོད་ཅི་ཟེར་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཤེས་རིག་དང་ གསོ་བ་ལུ་ གལ་གནད་ཅན་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ འཛམ་གླིང་གི་ བརྡ་བརྒྱུད་ཚུ་ནང་ བསྟོད་བསྔགས་འབད་དེ་འདུག་ཟེར་ཨིན་པས།
གཞུང་ལས་ དངུལ་ཕོགས་ཡང་སེང་དང་ ལས་སྡེ་༢ ལུ་ གཙོ་རིམ་བཟུང་མི་དེ་གིས་ ལས་གཡོགཔ་ཚུ་ དགོངས་ཞུ་མ་འབད་བར་ སྡོད་ནི་ལུ་ ལྷན་ཐབས་བྱུང་མི་དེ་ཡང་ ལས་སྡེ་༢ ནང་ ལོག་འཛུལ་ཞུགས་འབད་ནི་གི་ དང་འདོད་བསྐྱེད་མི་ མངམ་ཐོན་ཡོད་རུང་ དེ་གི་མངོན་གསལ་ཆེ་བའི་ ཕན་ཁྱད་ཀྱི་ གྲུབ་འབྲས་ཚུ་ཡང་ ལོ་༡ དང་༢ ཀྱི་ནང་འཁོད་ལུ་རྐྱངམ་གཅིག་ ཤེས་རྟོགས་འབྱུང་ཚུགས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
དེ་འབདཝ་ད་ ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་གིས་ སློབ་དཔོན་ཚུ་གི་ དངུལ་ཕོགས་ཡར་སེང་གནང་རུང་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་དང་ དམིགས་བསལ་གྱི་ ངལ་གསོ་སྡོད་མི་དེ་ ཐོན་བཞིན་དུ་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སློབ་དཔོན་ཚུ་གི་ དངུལ་ཕོགས་ཡར་སེང་འབད་བའི་ཤུལ་ལས་ སློབ་དཔོན་ཚུ་གིས་ དམིགས་བསལ་དང་ ལཱ་གཡོག་ནང་ལས་ དགོངས་ཞུའི་ཞུ་ཡིག་བཙུགས་མི་ཚུ་ ཆ་མེད་བཏང་མི་ རེ་གཉིས་མ་གཏོགས་ མ་ཐོན་ཟེར་ཨིན་པས།
སློབ་དཔོན་རེ་གཉིས་ཀྱིས་ དགོངས་ཞུའི་ཞུ་ཡིག་ ཆ་མེད་བཏང་མི་དེ་ཡང་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ པདྨ་དགའ་ཚལ་རྫོང་ཁག་ནང་ སློབ་དཔོན་ཅིག་གིས་ དགོངས་ཞུ་འབད་ནིའི་ ཡི་གུ་བཙུགས་ཡོད་མི་དེ་ ཆ་མེད་བཏང་མི་དེ་ཡང་ དངུལ་ཕོགས་ཡར་སེང་འབད་མི་ལུ་བརྟེན་ཨིན་པས།
དེ་ལས་ ཆུ་རྫོང་ཁག་ནང་ སློབ་དཔོན་ཅིག་གིས་ དམིགས་བསལ་གྱི་ ངལ་གསོ་ནང་ སྡོད་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་དེ་ཡང་ ཆ་མེད་གཏང་དགོ་པའི་སྐོར་ལས་ སྙན་ཞུ་འབད་དེ་ཡོད་པའི་ཁར་ བསམ་རྩེ་ལུ་འབད་བ་ཅིན་སློབ་དཔོན་༢ ཀྱིས་ ཡུན་རིང་གི་ ངལ་གསོ་དེ་ ད་རེས་ཟླཝ་མཇུག་བསྡུ་ཁམས་ལུ་ ཚང་ནི་ཨིན་རུང་ ད་རེས་ཀྱི་ཟླཝ་ལས་ ལཱ་འབད་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་པས།
སློབ་དཔོན་༢ ཀྱིས་ ངལ་གསོའི་དུས་ཚོད་མ་ཚང་རུང་ ཧ་སུ་སྦེ་ ལོག་འཛུལ་ཞུགས་འབད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་མིན་འདུག།
འགོ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ དགོངས་ཞུའི་ཡི་གུ་ ཆ་མེད་བཏང་མི་དེ་ དངུལ་ཕོགས་ཡར་སེངགི་ གནད་དོན་རྐྱངམ་གཅིག་མེན་པར་ གནད་དོན་གཞན་ དཔེར་ན་ ཕྱི་རྒྱལ་ལུ་ འགྱོ་ནི་གི་ སྐྱོད་ཐམ་མ་ཐོབ་མི་ལུ་བརྟེན་ཡང་ འོང་སྲིད་ནི་མས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ ཁྲོམ་སྡེ་དང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གི་ ཡིག་ཚང་ནང་ དགོངས་ཞུའི་ཡི་གུ་ཚུ་ ཆ་མེད་བཏང་པར་ འོང་མི་དེ་ འཐོར་གཏམ་རྐྱངམ་གཅིག་ཨིནམ་བཞིན་དུ་ དངུལ་ཕོགས་ཡར་སེང་གི་ ཕན་ཁྱད་སྐོར་ལས་ སླབ་ནི་དེ་ ཧ་དྲགས་པས་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *