བསོད་ནམས་དཔལ་འཛོམས།

སློབ་དཔོན་བགྲེསཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༉ སློབ་དཔོན་བགྲེསཔ་ཅིག་ཨིན་མི་ བསོད་ནམས་དཔལ་འཛོམས་ཀྱིས་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ མོང་སྒར་རྫོང་ཁག་ནང་ལས་ ཨམ་སྲུའི་འདེམས་ངོ་ཐོན་མི་ དང་པ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ བསོད་ནམས་དཔལ་འཛོམས་དེ་ རྩ་མང་རྒེད་འོག་ བྲག་མེད་གླིང་གཡུས་ཚན་ལས་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཨིང་སྐད་དང་ ས་ཁམས་རིག་པའི་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ མོ་གིས་ འདེམས་ངོ་སྦེ་ གདོང་ཁར་ཐོན་མི་དེ་ཡང་ མི་སྡེ་ནང་ ཨམ་སྲུའི་དབང་ཆ་ ཡར་དྲག་གཏང་ནི་ལུ་དམིགས་ཏེ་ཨིནམ་ལས་ མོ་དང་གཅིག་ཁར་ དོ་འགྲན་འབད་མི་ ཕོ་སྐྱེས་གཞན་ཚུ་དང་ཕྱདཔ་ད་ ཁྱད་པར་ག་ནི་ཡང་ མི་ཚོར་བས་ཟེར་ཨིན་པས།
མོ་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སློབ་སྦྱོང་སྤེལ་ཁང་ནང་ ཨིང་སྐད་ཀྱི་ ཁས་བླངས་སློབ་དཔོན་སྦེ་ ལཱ་འབད་ཡོདཔ་མ་ཚད་ ཐའི་ལེནཌི་ལུ་ཡང་ ཨིང་སྐད་ཀྱི་ སློབ་སྟོན་འབད་ཡོདཔ་ཨིན་པས།
བསོད་ནམས་དཔལ་འཛོམས་ཀྱིས་ གཞུང་སྐྱོང་དང་ འགོ་ཁྲིད་པའི་འགན་ཁུར་ནང་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ འགོ་ཁྲིད་པའི་དོན་ལུ་ ཨམ་སྲུའི་ས་སྟོང་མངམ་ བཟོ་ནི་དང་ ཕོ་མོ་འདྲ་མཉམ་ ཡར་དྲག་གཏང་ནིའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ མོ་ལུ་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གཙོ་བོ་ར་ གཡུས་ཚན་གྱི་ ཚོགས་པ་ཨིན་མི་ མོ་རའི་ ཨ་ཞེམོ་གིས་ མོ་གི་ལྕོགས་གྲུབ་གསལ་སྟོན་འབད་དེ་ ཞབས་ཏོག་ཞུ་སར་ མཐོང་མི་ལུ་བརྟེན་ བློ་སྤོབས་ཐོབ་ཅི་ཟེར་ཨིན་པས།
དེ་མ་ཚད་ སྲིད་དོན་ནང་ བཅའ་མར་གཏོགས་མི་ ཨམ་སྲུའི་གྱངས་ཁ་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ གྲོས་ཐག་བཅད་ནིའི་དོན་ལུ་ འདྲ་མཉམ་མི་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ གྲོང་སྡེའི་དཔལ་འབྱོར་རྒྱ་སྐྱེད་གཏང་ནི་དང་ རྒྱལ་ཁབ་ནང་ སྔར་སྲོལ་ལམ་ལུགས་དང་ལམ་སྲོལ་ མི་ཉམས་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༠ ཚུན་ མོང་སྒར་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་ མི་ངོམ་༡༤ ཐོན་ཡོད་མི་དེ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ མི་ངོམ་མཐོ་ཤོས་༢ པ་ཨིན་པས།
བསོད་ནམས་དཔལ་འཛོམས་ཀྱིས་ བཤད་མི་དང་འཁྲིལཝ་ད་ མོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གདམ་ཁ་བྱིན་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གོང་འཕེལ་འགྱོཝ་དང་གཅིག་ཁར་ མི་སེར་ཚུ་ལས་ཡང་ ངོས་ལེན་ལེགས་ཤོམ་ཐོབ་མི་དང་འཁྲིལ་ བཙག་འཐུའི་སྐབས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *