སློབ་དཔོན་དང་ དབུ་འཛིན་ལངམ་སྦེ་ མེད་མི་གིས་ ཤེས་རིག་གི་ སྤུས་ཚད་ལུ་གནོད་ཉེན།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ སློབ་གྲྭ་ལེ་ཤ་ཅིག་ནང་ དབུ་འཛིན་མེད་པའི་ དཀའ་ངལ་ཡོདཔ་ལས་ ཤེས་རིག་ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་༢ མཉམ་འབྲེལ་ཐོག་ལས་ དབུ་འཛིན་ཚུ་ གདམ་འཐུ་འབད་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ ཞུ་ཡོདཔ་ད་ ད་རེས་ སློབ་གྲྭ་ཚུ་ནང་ དབུ་འཛིན་མེད་རུང་ ངོ་ཚབ་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་སྟེ་འདུག་ཟེར་ཞུ་ཡི།

དབུ་འཛིན་དེ་ སློབ་གྲྭ་ཅིག་གི་ འགོ་ཁྲིདཔ་འབདཝ་ལས་ གདམ་འཐུ་ལེགས་ཤོམ་སྦེ་ འབད་དགོཔ་ཁག་ཆེཝ་བཞིན་དུ་ ཟླཝ་༧ གྱི་ ནང་འཁོད་ལུ་ དབུ་འཛིན་༣༣ སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ནི་གི་ རེ་བ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།

སྨིན་རྒྱས་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ ཞུ་མིའི་ནང་ ན་གཞོན་ཚུ་ལུ་ ཤེས་རིག་གི་ སྤུས་ཚད་དེ་ མ་བཏུབ་བཏུབ་སྦེ་ སྤྲོད་དགོཔ་ཨིན་རུང་ འཆར་གཞི་དང་ ལག་ལེན་གཉིས་ རྟགས་མ་མཐུན་བཟུམ་ མཐོངམ་མས་ཟེར་ཨིན་པས།

དེ་ཡང་ ཨ་ལོ་ཚུ་ལུ་ སྤུས་ཚད་ལྡན་པའི་ ཤེས་རིག་སྤྲོད་དགོ་པ་ཅིན་ གཞི་རྟེན་མཁོ་ཆས་ རྩ་གཞུང་དང་ ཡོངས་འབྲེལ་ སློབ་དཔོན་ དེ་ལས་ དབུ་འཛིན་ཚུ་ ཚང་དགོཔ་ལེ་ཤ་འདུག་ཟེར་ འཐུས་མི་གིས་ཞུ་ཡི།

དེ་གི་གྲས་ལས་ སློབ་གྲྭ་ནང་ སློབ་དཔོན་དང་ དབུ་འཛིན་ཚུ་ ངེས་པར་དུ་ ཁག་ཆེཝ་ཨིན་རུང་ ད་རེས་ སློབ་གྲྭ་མང་ཤོས་ཅིག་ནང་ དབུ་འཛིན་དང་ སློབ་དཔོན་མེད་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ཞུ་ཡི།

སློབ་གྲྭ་ནང་ གཞི་རྟེན་མཁོ་ཆས་ཚུ་ མ་ཚང་ཚངམ་སྦེ་ཡོད་རུང་ སློབ་དཔོན་མེད་པ་ཅིན་ ཨ་ལོ་ཚུ་གིས་ ཤེས་རིག་གི་ སྤུས་ཚད་འཐོབ་ནི་དེ་ ལཱ་ཁག་འོང་ཟེར་ འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་ ཞུ་བའི་ཁར་ ལོག་གཅིག་ལས་འབད་བ་ཅིན་ ལཱ་གཡོག་མེད་པའི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཞུ་ཡི།

ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་དེ་ཡང་ ཆོས་ཚན་རེ་ལུ་ སློབ་དཔོན་རེ་གི་ སྲིད་བྱུས་བཟོ་བའི་ཤུལ་ལས་ བྱུང་ཡོདཔ་བཞིན་དུ་ དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ཀྱི་ དུས་ཚོད་བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ཨིནམ་ད་ གཞན་འབད་བ་ཅིན་  སློབ་དཔོན་ཚུ་ ཟླཝ་༡ པ་དང་༢ པའི་ནང་ ཐོབ་དགོཔ་ཅིག་ཨིན་ཟེར་ཞུ་ཡི།

དེ་མ་ཚད་ སློབ་གྲྭ་ཚུ་ གནས་སྟངས་དང་འཁྲིལ་ཏེ་ ཡར་སེང་འབད་བའི་སྐབས་ལུ་ཡང་ སློབ་དཔོན་མ་ལང་པའི་ དཀའ་ངལ་བྱུང་ཡོད་པའི་ཁར་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ཆོས་ཚན་ བདུན་ཕྲག་རེ་ནང་ ཚར་གཅིག་ལས་བརྒལ་མེད་རུང་ ད་རེས་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པ་ཚུན་ ཆོས་ཚན་བཙུགས་ཏེ་ཡོདཔ་ལས་ དེ་ནང་ཡང་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཞུ་ཡི།

སྤ་རོ་དང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ གྲོས་བསྟུན་འབད་ཐོག་ལས་ སློབ་དཔོན་ཚུ་ལངམ་སྦེ་ བགོ་བཀྲམ་འབད་ནི་ལུ་ རྩ་འགེངས་དོ་ཡོད་པའི་ཁར་ ཨ་ལོ་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ ལོ་༥ ལུ་ མར་ཕབ་འབད་ཡོད་མི་དེ་གིས་ཡང་ སློབ་དཔོན་ལང་མ་ཚུགས་པར་ ཡོདཔ་བཞིན་དུ་ དུས་ཅི་ བློ་གསར་སློབ་རིམ་ནང་ ཨ་ལོ་༥,༠༠༠ དེ་ཅིག་ འཛུལ་ཡོདཔ་ཨིན་པས།

སློབ་དཔོན་གྱི་ སྦྱོང་བརྡར་མཐར་འཁྱོལ་མི་༣༢༡ དང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་ཏེ་ བགོ་བཀྲབ་འབད་ཡོད་པའི་ཁར་ སྤྱི་ཟླ་༧ པའི་ནང་ སློབ་དཔོན་སློབ་སྦྱོང་འབད་མི་༡༩༣ མཐར་འཁྱོལ་འོང་ཟེར་ ཤེས་རིག་བློན་པོ་གིས་ཞུ་ཡི།

སློབ་དཔོན་ཚུ་ ངལ་གསོ་དང་ སྐྱེས་མའི་ངལ་གསོའི་སྐབས་ལུ་ ཁོང་གི་ཚབ་སྦེ་ ཁག་འབགཔ་ཐོག་ལུ་ བཙུགས་དོ་ཡོདཔ་ཨིན་པས།

ཨིན་རུང་ ཧེ་མ་བཟུམ་སྦེ་ ཐད་ཀར་དུ་ འཛུལ་ཞུགས་འབད་ནི་མེན་པར་ ད་ལས་ཕར་ ལས་གཡོག་ལྷན་ཁག་དང་ གྲོས་བསྟུན་འབད་དེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ སྡེ་ཚན་བཟོ་ཐོག་ལས་ ཟླཝ་༣ དང་༤ དེ་ཅིག་ སྦྱོང་བརྡར་བྱིན་པའི་ཤུལ་ལས་ རྒྱལ་ཁབ་ནང་ སློབ་དཔོན་གྱི་ དགོས་མཁོ་འཐོན་པ་ཅིན་ དེ་ནང་ལས་ བཙུགས་ནི་སྦེ་ འཆར་གཞི་བརྩམས་ཏེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *