སློབ་དཔོན་ཅིག་གིས་ སྐྱེས་ལོ་༡༠ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཉེས་འཛུགས།

༉ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ བསམ་རྩེ་ལུ་ སྐྱེས་ལོ་༥༧ ལང་མི་ ཨིང་ལིཤ་སློབ་དཔོན་ཅིག་གིས་ སྐྱེས་ལོ་༡༠ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་གནད་དོན་ རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
དུས་ཅི་ དགོངས་ཞུ་འབད་མི་ སློབ་དཔོན་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༡༢ མན་ཆད་འབད་མི་ བུམོ་ཅུང་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཁར་ འདོད་སྤྱོད་གནོད་འཚེ་དང་ སྡུག་སྦྱོང་འབད་བའི་ ཉེས་འཛུགས་འབད་ནུག།
སློབ་ཕྲུག་བུམོ་དེ་ སློབ་གྲྭ་ནང་ལས་ སྐུགས་༩༧ ཐོབ་སྟེ་ ཨང་དང་པ་ཐོན་མི་ཅིག་ཨིན་རུང་ ཤེས་ཡོན་གྱི་གྲུབ་འབྲས་ཚུ་ མར་ཉམས་སོང་མི་ལུ་བརྟེན་ སེམས་འཁྲུལ་ཏེ་ སློབ་ཁང་ནང་ གཉིད་ལོག་སྡོད་ནི་དང་ ཆ་རོགས་དང་ཕམ་སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་ནི་ཡང་ སྤྲོ་བ་ཞན་སུ་སོང་ཡོདཔ་ཨིན་པས།
ཉམས་རྒུད་པའི་ཨའི་གིས་ བུམོ་གི་གནས་སྟངས་ཚུ་ མཐོང་ཞིནམ་ལས་ དུས་ཅི་ བསམ་རྩེ་སྨན་ཁང་ནང་ སྨན་བཅོས་འབད་བའི་སྐབས་ ཁྲག་ཤུགས་མར་བབས་སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དུས་ཅི་ སློབ་གྲྭའི་བར་མཚམས་ངལ་གསོ་སྐབས་ ཨའི་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་ ཁྱིད་འོང་ཡོདཔ་བཞིན་དུ་ སེམས་ཁམས་ཌོག་ཊར་དང་ འཕྱད་ནིའི་གོ་སྐབས་ ཐོབ་ཅི་ཟེར་ཨིན་པས།
སེམས་ཁམས་ཌོག་ཊར་ལུ་ བུམོ་དེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ ཁྱིམ་ཚང་སྦེ་སྡོད་མི་ སློབ་གྲྭའི་སློབ་དཔོན་ཅིག་ལུ་ སློབ་འཐུས་སྤྲོད་མ་དགོཔ་སྦེ་ དཔེ་ཆ་ལྷབ་པའི་སྐབས་ ཚར་ལེ་ཤ་ཅིག་ར་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་བའི་ ལོ་རྒྱུས་ཚུ་ བཤད་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་གིས་ སླབ་མི་དང་འཁྲིལཝ་ད་ སློབ་དཔོན་དེ་གིས་ དབང་བཙོང་འདོད་སྤྱོད་འབད་བའི་སྐོར་ལས་ ཨའི་ལུ་ སླབ་མ་ཚུགས་མི་དེ་ཡང་ མོ་ར་ འདྲོག་བྱེལ་འཐབ་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
སློབ་ཕྲུག་བུམོ་དེ་གིས་ དཔེ་ཆ་ལྷབ་པར་ མི་འགྱོ་ཟེར་མནོ་རུང་ སློབ་དཔོན་དེ་གིས་ དྲི་བའི་ལན་ཚུ་ ཕོག་རུང་ མ་ཕོགཔ་སྦེ་ སྐུགས་བྱིན་མ་བཏུབ་པའི་ཁར་ དབང་བཙོང་འདོད་སྤྱོད་འབད་བའི་སྐོར་ལས་ གཞན་ལུ་སླབ་གེ་ཟེར་མནོ་རུང་ སློབ་དཔོན་དེ་གིས་ སློབ་རིམ་ནང་ལས་ མཐར་འཁྱོལ་མ་ཚུགསཔ་སྦེ་ བཟོ་ནི་ཨིན་ཟེར་ འཇིགས་སྐུལ་འབད་ནི་དེ་གིས་ཨིན་ཟེར་ སེམས་ཁམས་ཌོག་ཊར་ལུ་ སླབ་ནུག།
བུམོ་དེ་གིས་ ཚར་གཅིག་ སློབ་ཁང་ནང་ལས་ ཨང་དང་པ་ཐོན་པའི་ཤུལ་ལས་ ཨའི་གིས་ བཀྲིན་དགའ་ཚོར་ཞུ་ནི་དང་འབྲེལ་ སློབ་དཔོན་དེ་གིས་ ཉམས་རྒུད་པའི་ཁྱིམ་ནང་ ཨོམ་འཐུང་ཡོདཔ་བཞིན་དུ་ ཨའི་གིས་ བུམོ་དེ་ལུ་ སློབ་དཔོན་སྡོད་སར་ ཨོམ་བསྐྱལ་བར་བཏངམ་ད་ བུམོ་དེ་གིས་ ཉན་མ་བཏུབ་ཨིན་པས།
ཉམས་རྒུད་པའི་ཨའི་གིས་ ཚར་གཅིག་འབདཝ་ད་ ཨོམ་བསྐྱལ་བར་ ཨང་རྒས་བཏང་པའི་ཤུལ་ལས་ སློབ་དཔོན་དེ་གིས་ ཨོམ་ལེན་མ་བཏུབ་ཨིན་པས།
སེམས་ཁམས་ཌོག་ཊར་གྱིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ གནད་དོན་དེ་གི་སྐོར་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཁྲིམས་སྲུང་འགག་སྡེ་ལུ་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ཞིནམ་ལས་ འདོད་སྤྱོད་གནོད་འཚེ་འབད་བའི་ རྩོད་ཉོགས་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་ཁྲིམས་དུམ་གྲ་ཅིག་ བསྒྱུར་བཅོས་འབད་དེ་ སྐྱེས་ལོ་༡༢ མན་ཆད་འབད་མི་ལུ་ འདོད་སྤྱོད་གནོད་འཚེ་དང་ སྡུག་སྦྱོང་འབད་ནུག་ཟེར་ ཁྲིམས་འདུན་ལུ་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ མི་མང་ལུ་ གནས་ཚུལ་ཁྱབ་སྤེལ་འགྱོ་བའི་ཤུལ་ལས་ སློབ་དཔོན་གྱིས་ ཉམས་རྒུད་པའི་བཟའ་ཚང་དང་གཅིག་ཁར་ ནང་འགྲིག་འབད་ནི་ཨིན་ཟེར་ སླབ་པའི་སྐབས་ ཉམས་རྒུདཔ་གིས་ ཉན་མ་བཏུབ་ལས་ སློབ་དཔོན་གྱིས་ ཁོང་ཆ་ཁྱབ་ བསད་ནི་དང་ ཡང་ཅིན་ ཁྱིམ་མེ་གཏང་ནི་ཨིན་ཟེར་ འཇིགས་སྐུལ་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་མིའི་ནང་ སློབ་དཔོན་དེ་ལུ་ བཙོན་ ཁྲིམས་མཐོ་ཤོས་ བཀལ་དགོཔ་སྦེ་ཨིནམ་ད་ དེ་ཡང་ སློབ་དཔོན་གྱི་འགན་ཁུར་དེ་ སློབ་ཕྲུག་བདག་འཛིན་འཐབ་ནི་དང་ ལམ་སྟོན་བསླབ་བྱ་ཚུ་ བྱིན་ནི་ཨིན་རུང་ སེམས་སྡུག་ཚད་མེད་མྱོང་བཅུག་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
ད་རུང་ སྐྱེས་ལོ་༧༢ ལང་མི་ རྒེད་འོག་རྒྱ་སྐྱེད་འགོ་དཔོན་བགྲེསཔ་ཅིག་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ དེ་ཡང་ ཁོ་གིས་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༢༤ ལུ་ སྐྱེས་ལོ་༡༡ ལང་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *