སློབ་གྲྭའི་སོ་ནམ་ལས་རིམ་ནང་ ཕག་ཤའི་ཐོན་སྐྱེད་མར་བབས་སོང་ཡོདཔ།

༉ རྒྱལ་ཁབ་ཀྱི་ སློབ་གྲྭ་མང་ཤོས་ཅིག་ནང་ རང་གིས་རང་ལུ་ ཟས་བཅུད་ལྡནམ་སྦེ་ བཟོ་ནི་དང་ རང་ལུ་དགོ་པའི་ བཟའ་འཐུང་གི་རིགས་ ཐོན་སྐྱེད་འབད་ནིའི་དོན་ལུ་ སོ་ནམ་དང་ སྒོ་ནོར་གསོ་སྐྱོང་གི་ ལས་རིམ་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ ཕག་ཤའི་ཐོན་སྐྱེད་ མར་བབས་སོང་ནུག།
དེ་ཡང་ སྤྱི་ལོ་༢༠༡༥ ལུ་ སློབ་གྲྭ་༧༥ འི་ནང་ ཕགཔ་གསོ་སྐྱོང་འབད་དེ་ ཕག་ཤ་མེ་ཊིག་ཊཱོན་༧༥ ཐོན་སྐྱེད་འབད་ཡོདཔ་ཨིན་རུང་ འདས་པའི་ལོ་ནང་ མེ་ཊིག་ཊཱོན་༦༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་འོག་གི་ སློབ་གྲྭའི་སོ་ནམ་ལས་རིམ་སྡེ་ཚན་གྱི་ ལས་རིམ་འགོ་འདྲེན་པ་ བི་བི་རའི་གིས་ སླབ་མིའི་ནང་ ས་གནས་ཚུ་ནང་ སྤྱིར་བཏང་ཆོས་དང་འབྲེལ་བའི་ མནོ་ལུགས་དང་ སློབ་གྲྭའི་དབུ་འཛིན་རང་སོའི་ མནོ་བསམ་བཏང་ཐངས་ལུ་བརྟེན་ ཕག་ཤའི་ཐོན་སྐྱེད་ མར་བབས་སོང་པའི་ཁར་ སློབ་གྲྭ་ཚུ་གི་ གདམ་ཁ་དང་འཁྲིལ་ ཕགཔ་གསོ་སྐྱོང་ཁང་དག་པ་ཅིག་ བརྡལ་བཏང་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ སོ་ནམ་ལྷན་ཁག་གིས་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་མི་ ཕགཔ་གསོ་སྐྱོང་ཁང་ཚུ་ནང་ ཕགཔ་གསོ་སྐྱོང་མ་འབད་རུང་ བརྡལ་མ་བཅུག་པར་ བཞག་སྟེ་ཡོད་མི་དེ་ཡང་ ཤུལ་ལས་ དབུ་འཛིན་གཞན་འོངམ་ད་ དང་འདོད་བསྐྱེད་པ་ཅིན་ ལོག་སྟེ་ར་ བཟོ་བཀོད་ཚུ་ གཞི་བཙུགས་འབད་དགོཔ་ མི་འཐོན་ནིའི་དོན་ལུ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕགཔ་གསོ་སྐྱོང་འབད་མི་དེ་གིས་ སློབ་གྲྭ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་རུང་ སྤྱིར་བཏང་མི་སེར་གྱི་ མནོ་ལུགས་ལུ་ གཙོ་བོར་བཏོན་པ་ཅིན་ ཕན་ཐབས་མེད་ཟེར་ཨིན་པས།
ཕག་ཤའི་ནང་ གཟུགས་ཁར་དགོ་པའི་ ཟས་བཅུད་ཡོདཔ་ལས་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ གལ་སྲིད་ ཕག་ཤ་ཚུ་ ཉོ་ཟ་དགོ་པ་ཅིན་ ཚོད་བསྲེའི་རིགས་གཞན་ཚུ་ མར་ཕབ་འབད་དགོཔ་ འཐོན་འོང་ཟེར་ བི་བི་རའི་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ སློབ་གྲྭ་ཚུ་ནང་ སྒོང་རྡོག་གི་ཐོན་སྐྱེད་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ སློབ་གྲྭ་ལྟེ་བ་༡༡ བརྩིས་ཏེ་ སློབ་གྲྭ་བསྡོམས་༦༣ གྱིས་ སྒོང་རྡོག་༥༧༣,༠༠༠ མ་གཏོགས་ ཐོན་སྐྱེད་འབད་མ་ཚུགསཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ སློབ་གྲྭ་༧༦ གིས་ ས་ཡ་༡.༩ ལྷགཔ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
བི་བི་རའི་གིས་ བཤད་མིའི་ནང་ མ་གཞི་ ལས་རིམ་དེ་ལུ་བརྟེན་ སློབ་གྲྭ་ཚུ་ནང་ སྒོང་རྡོག་དང་ ཚོད་བསྲེ་ དེ་ལས་ ཕག་ཤའི་ཐོན་སྐྱེད་ཚུ་ རང་གིས་རང་ལངམ་སྦེ་ བཟོ་མ་ཚུགས་རུང་ མཁོ་འདོད་མར་ཕབ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོད་བསྲེ་འཛུགས་སྐྱོང་གི་ ཐད་ལུ་ལྷོདཔ་ད་ཡང་ སློབ་གྲྭ་༢༢༥ གིས་ སྤྱི་ལོ་༢༠༡༥ ལུ་ མེ་ཊིག་ཊཱོན་༡༦༧ ཐོན་སྐྱེད་འབད་མི་དེ་ འདས་པའི་ལོ་ནང་ མེ་ཊིག་ཊཱོན་༡༩༥ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
སྤྱིར་བཏང་སློབ་གྲྭ་ཚུ་ནང་ སོ་ནམ་ལམ་རིམ་ཚུ་ གོང་འཕེལ་འགྱོ་བཞིན་དུ་ཡོདཔ་ད་ སོ་ནམ་ཆོས་ཚན་དེ་ཡང་ གདམ་ཁའི་ཆོས་ཚན་སྦེ་ བཙུགས་ཏེ་ཡོད་ཟེར་ བི་བི་རའི་གིས་ བཤདཔ་ཨིན་པས།
ལོ་ལྔའི་འཆར་གཞི་༡༡ པའི་ནང་ སློབ་གྲྭ་༣༠༠ འི་ནང་ ལས་ཁུངས་ཀྱིས་ རྒྱབ་སྐྱོར་ཐོག་ལས་ ལས་རིམ་གཞི་བཙུགས་འབད་ནི་གི་ དམིགས་ཡུལ་དེ་ བསྒྲུབས་ཡོདཔ་ད་ ལོ་ལྔའི་འཆར་གཞི་༡༢ པ་ མཇུག་བསྡུ་བའི་བསྒང་ལས་ སློབ་གྲྭ་༤༠༠ འི་ནང་ གཞི་བཙུགས་འབད་ཚརཝ་སྦེ་ འབད་ནི་ཨིན་པས།
སློབ་གྲྭ་ཚུ་ནང་ སོ་ནམ་གྱི་ལས་རིམ་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ སློབ་ཕྲུག་ཚུ་ལུ་ སོ་ནམ་གྱི་སྐོར་ལས་ གཞི་རྟེན་ཤེས་ཡོན་སྤྲོད་ནི་དང་ སོ་ནམ་དེ་ ཁེ་སང་ཅན་གྱི་ ལཱ་གི་ས་ཁོངས་ཅིག་ཨིན་པའི་ ངོ་སྤྲོད་འབད་ནི་ དེ་ལས་ རང་གིས་རང་ལངམ་བཟོ་ནིའི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *