སློབ་གྲྭའི་དབུ་འཛིན་འོགམ་ཅིག་ལུ་ ཉེས་འཛུགས་ཁག་༩ བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༩ ལང་མི་ ཐིམ་ཕུག་སྦྱིས་མི་ནང་ དགེ་དོན་སློབ་གྲྭའི་ དབུ་འཛིན་འོགམ་གིས་ སྐྱེས་ལོ་༡༢ མན་ཆད་འབད་མི་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉེས་འཛུགས་ཁག་༩ དང་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་པའི་ཉེས་འཛུགས་ཐོག་ ཨམ་སྲུ་དང་ཨ་ལོའི་ཁྲིམས་ཁྲི་ནང་ རྩོད་བཤེར་དོན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
བཀྲིས་སྒང་ བར་མཚམས་ལས་ཨིན་མི་ ཉེས་འཛུགས་ཅན་ དབུ་འཛིན་འོགམ་དེ་ སྤྱི་ཟླ་༤ པའི་ཚེས་༦ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ གནད་དོན་དེའི་སྐོར་ལས་ སློབ་ཕྲུག་ཅིག་གིས་ ན་ཧིང་ལས་ སྒྱིད་དར་གོངམ་སྨན་ཁང་ནང་ འོང་སྡོད་པའི་ཤུལ་ལས་ དྲི་དཔྱད་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༠༤ དང་འཁྲིལ་ཏེ་ དབྱེ་རིམ་བཞི་པའི་ཉེས་ཆེན་ དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་༥ ཚུན་ བཙོན་ཁྲིམས་བཀལ་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སློབ་ཕྲུག་བུམོ་ཅིག་ ཡིག་ཚང་ནང་འབོ་སྟེ་ དབང་བཙོང་ཐོག་ལས་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ ད་རུང་ དབྱེ་རིམ་གསུམ་པའི་ཉེས་ཁྲིམས་ བཙོན་ཁྲིམས་དམའ་ཤོས་༥ ལས་ མཐོ་ཤོས་ལོ་༩ ཚུན་ བཀལ་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་དེ་ཡང་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༦ ལུ་ ཉམས་རྒུདཔ་སློབ་ཕྲུག་བུམོ་ཅིག་གི་ ཨ་རྒས་ཀྱིས་ སྙན་ཞུ་འབད་བའི་ཤུལ་ལས་ ཤེས་རྟོགས་བྱུང་སྟེ་ སློབ་གྲྭའི་དབུ་འཛིན་གྱིས་ སློབ་ཕྲུག་ཚུ་གི་ ཕམ་ཚུ་འབོ་ཞིནམ་ལས་ བྱ་ངན་དེའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
མོ་གིས་ ཌོག་ཊར་ལུ་ དབུ་འཛིན་འོགམ་གིས་ དཔེ་ཆ་སྟོན་པར་འོང་བའི་སྐབས་ མོ་དང་མོ་རའི་ ཆ་རོགས་དག་པ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་པའི་སྐོར་ སླབ་པའི་ཤུལ་ལས་ ཌོག་ཊར་གྱིས་ དབུ་འཛིན་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ ཉེས་འཛུགས་ཅན་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོ་གིས་ ཉམས་རྒུདཔ་ལུ་ ལགཔ་གིས་དཀྲོག་དཀྲོགཔ་རྐྱངམ་གཅིག་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ སྤྱི་ལོ་༢༠༡༧ ལས་འགོ་བཙུགས་ སློབ་རིམ་༥ པ་དང་༦ པའི་ནང་ རྩིས་ཀྱི་ སློབ་སྟོན་འབདཝ་ལས་ཚུར་ འདོད་སྤྱོད་གནོད་འཚེ་འབད་ནུག་ཟེར་ བཤད་ནུག།
དེ་མ་ཚད་ སྤྱི་ལོ་༢༠༡༧ ལུ་ སློབ་གྲྭའི་བདག་འཛིན་པ་ དེ་བི་ལཱལ་ཟེར་མི་དེ་ལུ་ ཉམས་རྒུདཔ་ཅིག་ ཉེས་འཛུགས་ཅན་གྱི་ཡིག་ཚང་ནང་ཤོག་ཟེར་ འབོ་བར་བཏང་སྟེ་ འགྱོ་བའི་སྐབས་ ཡིག་ཚང་གི་སྒོ་བསྡམས་ཏེ་ སྡོད་ཁྲི་གུ་ འཕུལ་བཏང་པའི་ཤུལ་ལས་ མོ་གི་ཐོག་ཁར་འཛེགས་ཏེ་ དབང་བཙོང་འདོད་སྤྱོད་འབད་ནི་འབདཝ་ད་ འཕུལ་བཏང་སྟེ་ ཕྱི་ཁར་བྱོག་ཚུགས་ཅི་ཟེར་ སླབ་ནུག།
དེ་མ་ཚད་ ཁོ་གིས་ སློབ་ཁང་ནང་ སློབ་སྟོན་འབད་བའི་སྐབས་ ཨ་རྟག་ར་ མོ་གི་རྒྱབ་ཁར་འོང་སྟེ་ བརླད་དོ་འཕུར་བའི་ཁར་ ཨོམ་ཡང་དཀྲོག་སྟེ་ འུ་བཀལ་ནི་ཡོད་ཟེར་ སླབ་ནུག།
མོ་བཟུམ་སྦེ་ སློབ་ཁང་ནང་གི་ བུམོ་༣ ལུ་ཡང་ འདོད་སྤྱོད་གནོད་འཚེ་འབད་བའི་ཁར་ ཁོང་ལུ་ དྲི་དཔྱད་འབད་བའི་སྐབས་ ད་རུང་ སློབ་ཕྲུག་བུམོ་༥ ལུ་ཡང་ དེ་བཟུམ་མའི་ བྱ་ངན་ཚུ་འབད་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ཉེས་འཛུགས་ཅན་དེ་ སྤྱི་ལོ་༢༠༠༤ ལུ་ཡང་ བཀྲིས་སྒང་ཁྲིམས་འདུན་གྱིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ཨ་ལོ་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ གནོད་འགེལ་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ཡོད་མི་ལས་ ལོ་༢ བཙོན་ཁང་ནང་སྡོད་པའི་ཤུལ་ལས་ སྤྱི་ལོ་༢༠༠༧ ལུ་ བཙོན་ཁྲིམས་ལྷག་ལུས་ཚུ་ ཁྲིམས་འཐུས་བཏབ་སྟེ་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *