སློབ་གྲྭའི་དབུ་འཛིན་ཚུ་ གནས་སོར་གཏང་ནིའི་དོན་ལུ་ འཆར་དངུལ་མེདཔ།

༉ འདས་པའི་ཟླཝ་ནང་ ཤེས་རིག་ལྷན་ཁག་གིས་ ད་ལྟོའི་ས་གནས་ རྫོང་ཁག་དང་ ཡང་ཅིན་ ཁྲོམ་སྡེ་གཅིག་ནང་ར་ སྡོད་དེ་ལོ་༩ ལྷག་མི་ སློབ་གྲྭའི་དབུ་འཛིན་༡༥༤ དང་ དབུ་འཛིན་འོགམ་༥༨ ས་གནས་གཞན་ཁར་ གནས་སོར་གཏང་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

དེ་ཡང་ དུས་ཅི་ སྤྱི་ཟླ་༩ པའི་ནང་ མི་སྟོབས་ཚོགས་ཆུང་གི་ ཞལ་འཛོམས་འཚོགས་པའི་སྐབས་ ཐག་བཅད་ཡོདཔ་བཞིན་དུ་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ དབུ་འཛིན་དང་ དབུ་འཛིན་འོགམ་ཚུ་ ས་གནས་གཞན་ཚུ་ནང་ གནས་སོར་གཏང་ནི་དེ་ གཞི་སྒྱུར་གྱི་ ཆ་ཤས་ཅིག་ཨིན་པས།

ཨིན་རུང་ གཞུང་ལུ་ གནས་སོར་གཏང་ནིའི་ འཆར་དངུལ་མ་ལང་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ དངུལ་རྩིས་ལྷན་ཁག་ལས་ གནས་སོར་གྱི་ འཆར་དངུལ་མེདཔ་སྦེ་ བརྡ་སྐུལ་ལྷོད་ཅི་ཟེར་ཨིན་པས།

གལ་སྲིད་ སློབ་གྲྭའི་དབུ་འཛིན་༡༥༤ དང་ དབུ་འཛིན་འོགམ་༥༨ ཚུ་ ས་གནས་གཞན་ཁར་ གནས་སོར་གཏང་པ་ཅིན་ དངུལ་ཀྲམ་ས་ཡ་༡༣ དེ་ཅིག་ གནས་ནི་ཨིནམ་ད་ མི་སྟོབས་ཚོགས་ཆུང་གི་ ཞལ་འཛོམས་སྐབས་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་ཏེ་ དགོངས་ཞུ་འབད་ནི་ལུ་ ལོ་༡ ལས་ ཉུང་སུ་ཡོད་མི་ཚུ་ ས་གོ་དེ་ནང་ར་ བཞག་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

ཨིན་རུང་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ཏེ་ དམིགས་བསལ་ངལ་གསོ་ སྡོད་མི་ཚུ་གིས་ དུས་ཡུན་དེ་ ངལ་གསོ་སྡོད་མི་ ལོ་རྩིས་རྐྱབ་མི་ལས་ བཏོགས་ཡོདཔ་ད་ ཤེས་ཡོན་སྦྱང་ནིའི་ངལ་གསོ་དེ་ ཟླཝ་༡༨ ཚུན་ ལཱ་འབད་བའི་གྲངས་སུ་ བརྩི་འཇོག་འབད་ནི་ཨིན་པས།

དེ་བཟུམ་སྦེ་ ལས་སྡེ་གཞན་ནང་ གནས་སྐབས་ཅིག་གི་དོན་ལུ་ གནས་སོར་བཏང་མི་དེ་ཡང་ ལཱ་འབད་བཞིན་སྡོད་མི་སྦེ་ ངོས་ལེན་འབད་ནི་ཨིནམ་ད་ གནས་སོར་དེ་ཡང་ ཚད་གཞི་དང་འཁྲིལ་ཏེ་ འབད་ནི་ཨིན་པས།

གནས་སོར་གྱི་ས་གོ་ཚུ་ཡང་ རང་སོའི་སྐུགས་ཚད་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ནི་ཨིནམ་ད་ ཨིན་རུང་ དབུ་འཛིན་དང་ དབུ་འཛིན་འོགམ་ཚུ་གིས་ ཤེས་ཚད་ཀྱི་ ཚད་གཞི་འཐོབ་དགོ་པའི་ཁར་ ས་གོ་ཚུ་ཡང་ ད་ལྟོ་ཡོད་པའི་ ཁྲོམ་སྡེ་དང་ ཡང་ཅིན་ རྫོང་ཁག་ཚུ་ གདམ་ཁ་རྐྱབ་མི་ཆོག་ནི་ཨིན་པས།

སློབ་གྲྭ་ནང་ སྡེ་རིམ་པི་༡ པའི་ནང་ཨིན་མི་ དབུ་འཛིན་འོགམ་ཚུ་གིས་ མཁས་མཆོག་འགོ་འཛིན་གྱི་ སློབ་གྲྭ་ཡོད་མི་ཚུ་ནང་ གདམ་ཁ་རྐྱབ་ཆོག་ནི་ཨིནམ་ད་ ད་རེས་ Bhutan Baccalaureate  སློབ་གྲྭ་ཚུ་ནང་ དབུ་འཛིན་དང་ ཡང་ཅིན་ དབུ་འཛིན་འོགམ་སྦེ་ ཕྱག་ཞུ་མི་ཚུ་གིས་ Bhutan Baccalaureate  སློབ་གྲྭ་རྐྱངམ་གཅིག་ གདམ་ཁ་རྐྱབ་ཆོག་ནི་ཨིན་པས།

གནས་ཚང་གི་ གནས་སོར་དེ་ཡང་ སློབ་དཔོན་གྱི་ ཆོས་ཚན་དགོས་མཁོ་དང་ དབུ་འཛིན་དང་ དབུ་འཛིན་འོགམ་ བསླབ་སྟོན་པ་ དེ་ལས་ རྒྱབ་སྐྱོར་ལས་བྱེད་པའི་ གོ་གནས་དགོས་མཁོ་དང་འཁྲིལ་ཏེ་ འབད་ནི་སྦེ་ ཤེས་རིག་ལྷན་ཁག་གིས་ ཐག་བཅད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *