སློབ་གྲྭ་སྒོ་བསྡམ་ནི་དང་ རང་འཇགས་བཞག་ནིའི་ཐད་ཁར་ ས་གནས་ཀྱི་མི་སྡེ་ལུ་ རག་ལས་ནི།

༉ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་ཚུ་གི་ ལཱ་ཉུང་དྲགས་བཟོ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ལོ་ལྔའི་འཆར་གཞི་༡༢ པ་མཇུག་བསྡུཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་༢༠༠ དེ་ཅིག་ མར་ཕབ་རྐྱབ་ནིའི་ འཆར་གཞི་འདུག་ཟེར་མི་དེ་གིས་ སྤྱིར་བཏང་འབྲུག་མི་ཚུ་གི་སེམས་ཁར་ ཚ་གྱང་ལང་དགོཔ་བྱུང་ནུག།
ཨིན་རུང་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ མི་སེར་དམངས་གཙོ་ཚོགས་པའི་ བརྡ་བརྒྱུད་སྡེ་ཕྲན་གྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ཚུ་ སྒོ་བསྡམ་ནི་གི་ འཆར་གཞི་མེདཔ་མ་ཚད་ སློབ་གྲྭ་གང་རུང་ཅིག་ སྒོ་བསྡམ་དགོཔ་འཐོན་རུང་ དེ་གི་སྐོར་ལས་ ས་གནས་ཀྱི་ མི་སྡེ་ཚུ་གིས་ ཐག་བཏོག་འོང་ཟེར་ གསལ་བཀོད་འབད་མི་ལུ་བརྟེན་ མི་མང་གི་སེམས་ཁར་ ཐེ་ཚོམ་དང་ དོགས་སྣང་ལང་མི་དེ་ ཧིང་སངས་ས་སྦེ་ར་ སེལ་ཐབས་འབད་ཚུགས་ནི་ཨིན་མས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ སློབ་གྲྭ་གང་རུང་༡ སྒོ་མ་བསྡམ་པའི་ཧེ་མར་ ས་གནས་གཞུང་གིས་ མི་སེར་ཚུ་ལས་ མོས་མཐུན་གྱི་ ངོས་ལེན་ལེན་དགོ་ཟེར་ གསུངས་མི་ལུ་ལྟཝ་ད་ སློབ་གྲྭ་སྒོ་བསྡམ་ནི་དང་ རང་འཇགས་བཞག་ནིའི་ཐད་ཁར་ ས་གནས་ཀྱི་ མི་སེར་ཚུ་ལུ་ རག་ལས་ནི་ཨིན་པས།
ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བ་༦༠ ཁ་སྐོང་གཞི་བཙུགས་འབད་དེ་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༡༢༠ ལུ་ ཡར་སེང་འབད་ནི་ཨིནམ་མ་ཚད་ སློབ་གྲྭ་ལྟེ་བ་ཚུ་ནང་ མཁོ་སྤྲོད་འབད་མི་ མཐུན་རྐྱེན་ཚུ་ ཅོག་འཐདཔ་སྦེ་ར་ ནང་སྡོད་སློབ་གྲྭ་ཆུང་བ་༧༠ དེ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དེ་གིས་ སྤྱིར་བཏང་མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
ལྷག་པར་དུ་ ལ་གོང་གསུམ་ནང་སྡོད་མི་ མི་སྡེ་ཚུ་གི་དོན་ལུ་ དམིགས་བསལ་དུ་ ནང་སྡོད་སློབ་གྲྭ་༡༠ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ལས་ ད་ལྟོ་ཡོད་མི་ སློབ་གྲྭ་ལྟེ་བ་༦༠ རྒྱ་སྐྱེད་འབད་ནི་ཨིན་མི་བརྩིས་ཏེ་ ནང་སྡོད་སློབ་གྲྭ་༢༠༠ བཟོ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་འཆར་བཙུགས་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་འབདཝ་ལས་ ལྷན་ཁག་གི་ཁ་ཐུག་ལས་ འཆར་གཞི་༡༢ པའི་ནང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་གྲྭ་དང་ མི་སྡེའི་ཉེ་འདབས་ལུ་ཡོད་མི་ ཕྱི་སྡོད་སློབ་གྲྭ་ཚུ་ནང་ བཙུགས་དགོ་པའི་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་མས།
ལྷན་ཁག་གིས་འབད་བ་ཅིན་ སློབ་གྲྭ་སྒོ་བསྡམ་ནིའི་ གནད་དོན་ཐད་ཁར་ ས་གནས་ཀྱི་མི་སྡེ་ལུ་ གདམ་ཁ་ཡོད་ཟེར་ཨིནམ་ད་ ད་ལྟོ་ འཆར་གཞི་༡༢ པའི་འཆར་གཞི་ཚུ་ ཐག་བཅད་བཟོ་བའི་བསྒང་ཡོདཔ་ལས་ འཆར་གཞི་དེ་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་ནི་ཨིན་མས།
ཤེས་རིག་ལྷན་ཁག་གིས་ ས་གནས་ཀྱི་མི་སྡེ་ཚུ་ལུ་ འདི་བཟུམ་མའི་ སྟབས་བདེ་བའི་ གདམ་ཁ་གནངམ་ད་ མི་སེར་ཚུ་གིས་འབད་རུང་ མོས་མཐུན་ཐོག་ལས་ ཕན་གནད་ཆེ་བའི་ གྲོས་ཐག་བཅད་དགོཔ་མ་ཚད་ སློབ་གྲྭའི་མཐུན་རྐྱེན་ཚུ་ཡང་ ལེགས་ཤོམ་སྦེ་ སྤྱོད་ཤེས་དགོཔ་འདུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *