ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་བའི་ ཁེ་ཕན་སྐོར་ ཞུ་བའི་བསྒང་།

སློབ་གྲྭ་ལྟེ་བ་ ཡུན་བརྟན་གནས་མ་ཚུགས་པའི་ ཚ་གྱང་མེདཔ།

༉ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ སློབ་གྲྭ་ལྟེ་བ་དེ་ ཤེས་རིག་གི་ སྤུས་ཚད་ཀྱི་ ཁེ་ཕན་དང་ལྡན་པའི་ཁར་ ཡུན་བརྟན་ཡང་ གནས་ཚུགས་ནི་ཨིནམ་ལས་ ཤེས་རིག་ལྷན་ཁག་གིས་ མ་འོངས་པར་ སློབ་གྲྭ་ལྟེ་བ་ཚུ་ རྒྱལ་ཁབ་ནང་ མ་ལང་ལངམ་སྦེ་ བཟོ་ནི་གི་ འཆར་གཞི་ཡོད་ཟེར་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ཞུ་ཡི།
སློབ་གྲྭ་ལྟེ་བ་ཚུ་གི་ ཁེ་ཕན་སྦོམ་ཤོས་ར་ དྲོ་པ་ལས་ ཕྱི་རུ་ཚུན་ སློབ་གྲྭ་ནང་ སློབ་དཔོན་ཚུ་གིས་ གཅེས་སྐྱོང་འཐབ་སྟེ་ བཟའ་འཐུང་དང་ སྒྲིག་གོ་ གདན་མལ་ཆ་གི་ ཚ་གྱང་ལང་དགོཔ་མེད་ཟེར་ ཤེས་རིག་བློན་པོ་གིས་ཞུ་ཡི།
ད་རུང་ སྒྲིག་ལམ་རྣམ་གཞག་དང་ བཟའ་བཅའ་འགྲོ་གྲོགས་གསུམ་ དེ་ལས་ སྨྱོ་རྗས་དང་འབྲེལ་བ་མེད་པར་ ཕམ་ཉམ་ཆུང་དང་ སྒྲིང་སྒྲི་༢ ཀྱི་ ཨ་ལོ་ཚུ་གི་བར་ན་ དབྱེ་བ་མེད་པར་ འདྲ་མཉམ་སྦེ་ སློབ་ཕྲུག་ཚུ་གིས་ སེམས་ཁམས་ཀྱི་ སྟོབས་ཤུགས་དང་ལྡནམ་སྦེ་ ཤེས་ཡོན་སྦྱང་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཞུ་ཡི།
སློབ་གྲྭ་ལྟེ་བའི ་ཡུན་བརྟན་དང་འབྲེལ་བའི་ གནད་དོན་ཐོག་ལུ་ ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ སློབ་གྲྭ་ལྟེ་བ་ཚུ་ ཡུན་བརྟན་དང་ལྡན་མ་ཚུགས་པའི་ ཚ་གྱང་མེད་མི་དེ་ཡང་ ད་ལྟོ་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༦༣ གཞི་བཙུགས་འབད་ནིའི་དོན་ལུ་ གསར་སྒྲུབ་ཀྱི་ མ་དངུལ་ཡོངས་བསྡོམས་ ལོ་༥ འི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༩༢ བཞག་ཡོད་མི་ལས་ སློབ་གྲྭ་ལྟེ་བ་དེ་ཚུ་ གཞི་བཙུགས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣.༥ དེ་ཅིག་ལས་བརྒལ་ མ་གནས་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༣ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་གྲྭ་ལྟེ་བ་ཁ་སྐོང་རྐྱབ་ནིའི་ བློ་སྟོབས་ཐོབ་ཡོདཔ་ལས་ སྲིད་བྱུས་དང་འཆར་གཞི་དེ་ ཨ་ལོའི་བདག་སྣང་དང་ ཕམ་གི་སྤྲོ་བ་བསྐྱེད་པ་ཅིན་ སློབ་གྲྭ་ལྟེ་བ་ཚུ་ ག་དེ་མང་མང་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།
བློན་པོ་ནོར་བུ་དབང་ཕྱུག་གིས་ ཞུ་མི་དང་འཁྲིལཝ་ད་ ཚ་གྱང་ལང་དགོ་པ་ཅིན་ རྒྱུན་སྐྱོང་གི་ མ་དངུལ་ཐོག་ལུ་ཨིན་རུང་ ལོ་བསྟར་བཞིན་དུ་ ཨ་ལོ་རེ་རེ་བཞིན་དུ་ལུ་ ཟད་འགྲོ་དངུལ་ཀྲམ་༥༥,༠༠༠ གནས་དོ་ཡོད་མི་དེ་ སློབ་གྲྭ་ལྟེ་བ་མེན་པའི་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་རེ་རེ་ལུ་ ཟད་འགྲོ་དངུལ་ཀྲམ་༤༥,༠༠༠ གནས་མི་དང་ཕྱདཔ་ད་ ཁྱད་པར་དངུལ་ཀྲམ་༡༠,༠༠༠ དེ་ཅིག་ལས་མེད་རུང་ ཁེ་ཕན་དེ་ ཤེས་རིག་གི་སྤུས་ཚད་ ཡར་དྲག་སྦོམ་སྦེ་ འགྱོ་མི་དེ་ཨིན་ཟེར་ཞུ་ཡི།
དེ་ཡང་ སྤ་རོ་རྡོ་དཀར་-ཤར་པའི་འཐུས་མི་ སྐལ་བཟང་དབང་མོ་གི་ཚབ་སྦེ་ བཀྲ་ཤིས་གཡང་རྩེ་ ཁམས་དྭངས་-རམ་འཇར་གྱི་འཐུས་མི་ བསོད་ནམས་དོན་གྲུབ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ཀྱི་ལས་རིམ་ནང་ གཞུང་གིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་དེ་ཡོད་མི་དེ་གི་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ ཡུན་བརྟན་ཅན་སྦེ་ བཞག་ཚུགས་ག་མི་ཚུགས་ཀྱི་སྐོར་ལས་ ཤེས་རིག་བློན་པོ་ལུ་ དྲི་བ་ཞུ་བའི་ལན་ལུ་ ཞུ་ཡི།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བ་ཚུ་མིན་པའི་ སློབ་གྲྭ་གཞན་ཚུ་ཡང་ སྒོ་བསྡམ་ནིའི་ སྲིད་བྱུས་མེདཔ་བཞིན་དུ་ མ་གཞི་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གི་ ལག་དེབ་༢༠༠༩ ཅན་མ་དང་འཁྲིལཝ་ད་ སློབ་གྲྭ་དེ་ནང་ སློབ་ཕྲུག་གི་ གྱངས་ཁ་མ་ལང་པ་ཅིན་ སྒོ་བསྡམ་དགོ་པའི་ ལམ་ལུགས་ཡོད་རུང་ གཞུང་གིས་ སྒོ་བསྡམ་དགོ་པའི་ ཨུ་ཚུགས་མ་བསྐྱེདཔའི་ཁར་ འདས་པའི་ལོ་ཚུ་ནང་ སློབ་ཕྲུག་ལངམ་མེད་མི་ལུ་བརྟེན་ ཕམ་ཚུ་དང་ གྲོས་བསྟུན་ཐོག་ སློབ་གྲྭ་དག་པ་ཅིག་ སྒོ་བསྡམས་དགོཔ་བྱུང་ཡི་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *