སློབ་གྲྭ་ལས་ཐོན་སྡོད་མི་བུམོ་ཅིག་གིས་ སོ་ནམ་གྱི་ལཱ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོདཔ།

༉ སྐྱེས་ལོ་༢༠ལང་མི་ སློབ་ཕྲུག་བུམོ་ པདྨ་དབྱངས་ཅན་གྱིས་ སློབ་རིམ་༡༡ པ་ མཐར་འཁྱོལ་བའི་ཤུལ་ལས་ སློབ་གྲྭ་བཤོལ་བཞག་སྟེ་ ད་རེས་ནངས་པར་ མོ་རའི་གཡུས་ཁར་ སོ་ནམ་གྱི་ལཱ་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
མོང་སྒར་ཤེར་མུ་ཧཱུྂ་རྒེད་འོག་ གསེར་གཞོང་མུ་ཤིང་གཡུས་ཚན་ལས་ཨིན་མི་ པདྨ་དབྱངས་ཅན་གྱིས་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་མི་དེ་ཡང་ གཡུས་ཁ་ལུ་ ལཱ་འབད་མི་ མོ་རའི་ཨའི་རྐྱངམ་གཅིག་ལས་བརྒལ་མེད་པའི་ ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་དོན་ལུ་ ཟད་འགྲོ་བཏང་མ་ཚུགས་པའི་ དཀའ་སྡུག་བྱུང་མི་ལུ་བརྟེན་ཨིན་པས།
པདྨ་དབྱངས་ཅན་གྱི་ གཡུས་ཚན་དེ་ གྱེན་གཟར་དྲགས་པའི་ཁར་ ཚལ་མ་དང་ ཤིང་སྦོམ་ཚུ་གི་ གདོང་ཕྱོགས་ལུ་ ཆགས་ཡོདཔ་ལས་ སེམས་ཅན་དང་ བྱ་སྣ་ཚོགས་ཀྱི་སྐད་ཚུ་ ཉིན་ནུབ་མེད་པར་ གོ་ནི་དེ་གིས་ སེམས་བག་ཆགས་ཏོག་ཏོ་སྦེ་འདུག།
ཐོག་༢ འབད་མི་ རང་ལུགས་ཀྱི་ཁྱིམ་དེ་ནང་ པདྨ་དབྱངས་ཅན་གྱི་ཨའི་དང་ ཨ་ཞེམོ་གི་ ཨ་ལོ་ཚུ་སྡོད་དོ་ཡོདཔ་ད་ གལ་སྲིད་ རྐྱེན་ངན་འཚབས་ཆེན་དང་ ནཝ་ཚཝ་རེ་འབྱུང་རུང་ ཁྱིམ་གྱི་ཉེ་འདབས་ཚུན་ཚོད་ སོ་ནམ་ཞིང་ལམ་ལྷོད་ཡོདཔ་ལས་ དཀའ་ངལ་མེདཔ་ཨིན་པས།
པདྨ་དབྱངས་ཅན་གྱིས་ སྤྱི་ལོ་༢༠༡༥ ལུ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༡ པ་མཐར་ འཁྱོལ་ཏེ་ གཡུས་ཁ་ལུ་ སོ་ནམ་གྱི་ལཱ་འབད་དེ་ དུས་ཅི་འབདཝ་ད་ ལོ་༣ ལང་ཡོདཔ་ད་ ད་རེས་ནངས་པར་ མོ་གིས་ ཁྱིམ་གྱི་མཐའ་འཁོར་དང་ ཚོད་བསྲེ་འཛུགས་སྐྱོང་དང་ སྒོ་ནོར་གསོ་སྐྱོང་གི་ལཱ་འབད་དོ་ ཡོདཔ་ཨིན་པས།
པདྨ་དབྱངས་ཅན་གྱིས་ སླབ་མིའི་ནང་ སློབ་གྲྭ་ལས་ཐོན་ཏེ་ སོ་ནམ་གྱི་ལཱ་འབད་བའི་སྐབས་ འགོ་ཐོག་ དཀའ་སྤྱད་ཡོད་རུང་ འགྲོས་ཀྱིས་སྦེ་ ཤུམ་ཚུད་ནི་དེ་གིས་ ད་རེས་ནངས་པར་ སེམས་དགའཝ་མས་ཟེར་ཨིན་པས།
ཁོང་སྤུན་ཆ་༧ གྱི་གྲས་ལས་ པདྨ་དབྱངས་ཅན་དེ་ བར་ན་སྐོརམ་ཨིནམ་ད་ མོ་གི་ལྟག་ལས་ ཨ་ཞེམོ་༢ དང་ ཕོ་རྒནམ་༡ དེ་ལས་ འོག་ལས་སྲིངམོ་༢ དང་ ནོ་གཅུང་༡ ཡོདཔ་ད་ དེ་ལས་ ཨ་ཞེམོ་༡ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་དོ་ཡོདཔ་བཞིན་དུ་ ཨ་ཞེམོ་༡ རྨགཔ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཕོ་རྒནམ་དེ་ དེད་གཡོག་པའི་ ལཱ་འབད་དོ་ཡོདཔ་བཞིན་དུ་ ནུམོ་དང་ ནོ་གཅུང་ཚུ་ འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
པདྨ་དབྱངས་ཅན་གྱིས་ རྒེད་འོག་གི་ སོ་ནམ་སྡེ་ཚན་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ བདུན་རིམ་བཞིན་དུ་ སློབ་གྲྭ་ནང་ ཚོད་བསྲེ་བཙུགས་ཏེ་ འོང་འབབ་བཟོ་དོ་ཡོད་པའི་ཁར་ སྒོ་ནོར་གསོ་སྐྱོང་སྡེ་ཚན་ནང་ཡང་ འཐུས་མི་སྦེ་འཛུལ་ཏེ་ ཨོམ་དང་ མར་ དེ་ལས་ དར་ཚིལ་ཚུ་བཙོང་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
པདྨ་དབྱངས་ཅན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ སློབ་གྲྭའི་ཆ་རོགས་ལ་ལོ་ཅིག་ ཞི་གཡོགཔ་དང་ ལ་ལོ་ཅིག་ ཚོང་པ་ ལ་ལོ་ཅིག་ སྒེར་གྱི་ལཱ་འབད་མི་ཡོདཔ་མ་ཚད་ ལ་ལོ་ཅིག་ ལཱ་གཡོག་མེད་པར་ ཁྲོམ་ཚུ་ནང་ འཁྱམས་སྡོད་མི་ཡང་ མཐོང་ཚུགས་པས་ཟེར་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཀརྨ་སྒྲོལ་མ་གིས་ སླབ་མིའི་ནང་ མོ་གི་བུམོ་དེ་ སློབ་གྲྭ་ནང་ལས་ཐོན་པའི་ཤུལ་ལུ་ སྒོ་ནོར་གསོ་སྐྱོང་དང་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཡོདཔ་ལས་ ཁྱིམ་ནང་ལཱ་འབད་མི་ མ་ཐོབ་མི་དང་ ནོར་འཚོ་མི་མེད་པའི་ དཀའ་ངལ་བྱུང་མི་དེ་ སེལ་ཚུགས་ཅི་ཟེར་ ཨིན་པས།
ད་རེས་ ཁྱིམ་ནང་ བུམོ་ཡོད་ནི་དེ་གིས་ ཕྱི་ཁའི་ལཱ་འབད་ནི་དང་ འཛོམས་འདུ་ནང་འགྱོ་ནི་ དེ་ལས་ སྤྱིར་བཏང་གི་ལཱ་འབད་ནི་ལུ་ ཕན་ཐོགས་བྱུངམ་མ་ཚད་ ཁྱིམ་ནང་གི་ ལཱ་ག་ཅི་འབད་རུང་ བྱ་སྟབས་མ་བདེཝ་མེད་ཟེར་ཨིན་པས།
ལྷག་པར་དུ་ ཀརྨ་སྒྲོལ་མ་དང་འཁྲིལ་བ་ཅིན་ གཡུས་ཁའི་ཕམ་ཚུ་གིས་ ཨ་ལོ་ཚུ་ག་ར་ སློབ་གྲྭ་ནང་བཙུགས་པའི་ཁར་ ཞི་གཡོག་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་སྡོད་མི་ལུ་བརྟེན་ སོ་ནམ་གྱི་ལཱ་འབད་མི་ མ་འཐོབ་པའི་དཀའ་ངལ་དང་ ཁྱིམ་དང་ས་ཞིང་བསྲུང་སྡོད་མི་ཚུ་ མང་ཤོས་ར་ རྒན་རྒས་ཚུ་མ་གཏོགས་ གཞོནམ་ཚུ་ མཐོང་ནི་མེད་ཟེར་ཨིན་པས།
རྒཔོ་ ཨྱོན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ གཡུས་ཚན་ཚུ་ནང་ སོ་ནམ་གྱི་ལཱ་འབད་མི་ཚུ་ བལྟ་བ་ཅིན་ གུང་པ་རེ་ལས་ རྒན་རྒས་དང་ བཟའ་ཚང་༢ མ་གཏོགས་མེད་ཟེར་ཨིན་པས།
མ་གཞི་ གཞུང་གི་ཁ་ཐུག་ལས་ རྒེད་འོག་དང་ གཡུས་ཚན་ཚུ་ནང་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ སོ་ནམ་ཞིང་ལམ་དང་ གློག་མེ་ གློག་ཐག་ར་བ་ འཐུང་ཆུའི་མཐུན་རྐྱེན་ཚུ་གིས་མ་ཚད་ སོན་རིགས་དང་ ཚོང་འབྲེལ་གྱི་དོན་ལུ་ ཤ་མུ་ལ་སོགས་པའི་ལས་རིམ་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ན་གཞོན་ཚུ་གིས་ སློབ་རིམ་༡༠པ་དང་༡༢ པ་ དེ་ལས་ མཐོ་རིམ་ཤེས་ཡོན་ལྷབ་ཚར་བའི་ཤུལ་ལས་ གཡུས་ཁར་སོ་ནམ་པ་སྦེ་ སྡོད་པ་ཅིན་ འོང་འབབ་བཟོ་ཚུགས་པའི་ཁར་ དང་ཕུ་ ཕམ་ཚུ་བཟུམ་སྦེ་ དཀའཝ་སྤྱད་དགོཔ་མེད་ཟེར་ རྒཔོ་ཨྱོན་གྱིས་ སླབ་ཨིན་པས།
པདྨ་དབྱངས་ཅན་གྱིས་ སླབ་མིའི་ནང་ ན་གཞོན་ལཱ་གཡོག་མེད་པར་ ཁྲོམ་ཁ་ལས་ཕར་ སྤྱང་འཁྱམས་སྡོད་མི་ ན་གཞོན་ཚུ་གིས་ གཡུས་ཁར་འོང་སྟེ་ སོ་ནམ་གྱི་ལཱ་འབད་བ་ཅིན་ འོང་འབབ་བཟོ་ནིའི་ ས་གོ་ལེ་ཤ་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *