གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ཨ་ལོའི་ཉེན་སྲུང་ཐབས་ལམ་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

སློབ་གྲྭ་ཚུ་ནང་ ཨ་ལོའི་ཉེན་སྲུང་ཐབས་ལམ་ སྒྲིང་སྒྲི་བཟོ་དགོཔ།

༉ རྒྱལ་ཁབ་ནང་ ལོ་ན་མ་སྨིན་པའི་ བུམོ་ཅུང་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་གནས་སྟངས་དེ་ ཚབས་ཆེན་ཅིག་དང་ འཁྲུལ་སི་སི་ཅིག་ལུ་ ལྷོད་ཡོདཔ་ཨིན་པས།
སློབ་གྲྭ་ཁག་ཚུ་ལས་ཕར་ ཨ་ལོའི་ཉེན་སྲུང་གི་དོན་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་ཆུང་དེ་གིས་ སློབ་གྲྭ་ཁག་ཚུ་ནང་ ཨ་ལོ་བདག་འཛིན་དང་འབྲེལ་བའི་གནད་དོན་ཚུ་ ལྟ་རྟོག་འབད་བའི་བསྒང་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་ལུ་ སློབ་ཕྲུག་བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལས་ དམར་བསད་འབད་མི་དང་ དར་དཀར་ནང་ལུ་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ལུ་བརྟེན་ ཨིན་པས།
དེ་བཟུམ་མའི་ གནས་སྟངས་ཚབས་ཆེན་ཚུ་ ད་ལས་ཕར་ འབྱུང་མི་བཅུག་ནིའི་དོན་ལུ་ ཉེན་སྲུང་གི་ ཐབས་ལམ་བཏོན་ཡོདཔ་སྦེ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ གསལ་བཤད་འབད་ཡི།
སྤ་རོ་དང་ དར་དཀར་ནང་རྫོང་ཁག་༢ ནང་ རྐྱེན་ངན་བྱུང་མི་དེ་ རྒྱལ་ཡོངས་ཀྱི་མི་སེར་ཚུ་ལུ་ དྲན་གསོ་འབད་བའི་ རྟགས་མཚན་སྟོནམ་ཨིན་ཟེར་ བློན་པོ་གིས་ བཤད་པའི་ཁར་ ཨ་ལོ་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ ཧེང་སྐལ་ར་ སེམས་ཁར་སྡུག་བསྔལ་བྱུང་ཡོདཔ་ལས་ ད་ལྟོ་ རྐྱེན་ངན་དེ་གི་སྐོར་ལས་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ ཨིན་པས།
ད་ལས་ཕར་ ཨ་ལོའི་ཉེན་སྲུང་དང་ ཐབས་ལམ་ཚུ་བཏོན་ནི་ལུ་ གཙོ་རིམ་བསྒྲིག་སྟེ་ ལཱ་འབད་དགོ་པའི་ཁར་ ཨ་ལོའི་ཉེན་སྲུང་དེ་ འབྲུག་མི་ག་ར་ལུ་ འགན་ཁུར་ཕོགཔ་ལས་ མཉམ་རུབ་ཐོག་ལས་ ལཱ་འབད་དགོ་ཟེར་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཤེས་རིག་ལྷན་ཁག་གིས་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ ཨ་ལོའི་ཉེན་སྲུང་དོན་ལུ་ ཨ་ལོ་དང་ཤེས་ཡོན་སྦྱང་མི་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ དེ་ལས་ ན་གཞོན་ལྟེ་བ་ཚུ་ དྲནམ་བཏོན་ཏེ་སྡོད་དགོཔ་སྦེ་ ཨིན་པས།
དེ་ལས་ རྫོང་བདག་དང་ ཁྲོམ་དཔོན་ རྫོང་ཁག་དང་ ཁྲོམ་སྡེ་བདག་སྐྱོང་ དེ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ སློབ་གྲྭ་ཚུ་ནང་ལས་ཕར་ ཨ་ལོའི་ཉེན་སྲུང་གི་ཐབས་ལམ་དང་ ལམ་སྟོན་ཚུ་ གཞི་བཙུགས་དགོཔ་སྦེ་ཨིན་པས།
ལྷན་ཁག་དང་འཁྲིལཝ་ད་ ཨ་ལོའི་ཉེན་སྲུང་གི་དོན་ལུ་ དོགས་ཟོན་ཁག་༧ དེ་ཅིག་ཡོདཔ་ད་ དེ་ཡང་ དབང་བཙོང་འདོད་སྤྱོད་རྐྱངམ་གཅིག་མེད་པར་ རང་བཞིན་གྱི་རྐྱེན་ངན་དང་ ཆུ་ཆེན་ཚུ་ལས་ འཛེམ་དགོ་པའི་སྐོར་ལས་ སློབ་གྲྭའི་ལས་བྱེདཔ་དང་ སློབ་ཕྲུག་ཚུ་ལུ་ གོ་བརྡ་སྤེལ་དགོཔ་སྦེ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ སྤ་རོ་དང་ དར་དཀར་ནང་རྫོང་ཁག་༢ ནང་ རྐྱེན་ངན་བྱུང་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ གནས་སྟངས་ཚབས་ཆེན་ཅིག་ཨིནམ་ལས་ ག་ཅི་ཅིག་ འབད་ར་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ གདོང་ལེན་མ་འབད་བར་ལུས་སོ་པ་ཅིན་ གནས་སྟངས་བཀག་མི་ཚུགས་ཟེར་ཨིན་པས།
ཉེན་སྲུང་དང་ བཀག་ཐབས་ཀྱི་དོན་ལུ་ ལྷན་ཁག་དང་ ལས་སྡེ་གིས་ ཚ་གྱང་འབག་མི་དེ་ བློན་ཆེན་དང་ འཁྲིལཝ་ད་ འབྲུག་པའི་མི་སེར་ག་ར་གིས་ རྒྱབ་སྐྱོར་འབད་དགོ་པའི་ཁར་ གདོང་ལེན་འབད་དེ་ དཀའ་ངལ་བསལ་ནི་ཟེར་ གནས་ཚུལ་ཞལ་འཛོམས་ནང་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *