སློབ་གྲྭ་ཚུ་ནང་ སྒྲིག་ཁྲིམས་ལག་ལེན་འཐབ་མི་ལུ་ ཕམ་ཚུ་སེམས་མ་དགའ་བར་ཡོདཔ།

༉ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ སློབ་ཕྲུག་༤ སློབ་གྲྭའི་རྩེད་འགྲན་མཇུག་བསྡུཝ་ཅིག་ སྐད་ཤུགས་རྐྱབ་སྟེ་ བྱེལཝ་ལང་པའི་ཤུལ་ལུ་ སློབ་གྲྭའི་ཕྱི་ཁར་ འཐབ་འཛིང་འབད་ཡོདཔ་ཨིན་པས།

དེ་གི་ནངས་པར་ སློབ་གྲྭའི་འཛིན་སྐྱོང་གིས་ འཐབ་འཛིང་འབད་མི་ སློབ་ཕྲུག་ཚུ་གི་ཕམ་ཚུ་ སློབ་གྲྭ་ནང་ འབོ་ཞིནམ་ལས་ སློབ་ཕྲུག་ཚུ་ བདུན་ཕྲག་གཉིས་ཀྱི་རིང་ སློབ་གྲྭ་ནང་ལས་ དགོངས་ཕོག་བཏོན་ནུག།

འཐབ་འཛིང་ནང་ གྲལ་གཏོགས་ཡོད་མི་ ཨ་ལོ་༡ གི་ཨའི་དང་ སློབ་དཔོན་ཅིག་ཡང་ཨིན་མི་དེ་གིས་ སླབ་མིའི་ནང་ སློབ་གྲྭའི་ཧོངས་ལས་ གནད་དོན་ཆུང་ཀུ་ཅིག་གི་དོན་ལུ་ འདི་བཟུམ་གྲོས་ཐག་བཅད་མི་ལུ་ ཚ་གྱང་ལངམ་མས་ཟེར་ཨིན་པས།

མོ་ར་ སློབ་དཔོན་འབདཝ་ལས་ མིང་ངོ་སྟོན་འབད་གནང་ཟེར་ ཞུ་བ་འབད་མི་ ཨ་ལོའི་ཨའི་དེ་གིས་ སླབ་མིའི་ནང་ ཕམ་ཚུ་གིས་ སློབ་གྲྭའི་བདག་སྐྱོང་ལུ་ གདོང་ལེན་འབདཝ་ད་ སློབ་གྲྭ་གིས་ ཨ་ལོ་ཚུ་ལུ་ མིག་ཁར་བཀལ་ཏེ་ སྒྲིག་ཁྲིམས་དང་འབྲེལ་བའི་ དང་ལེན་འབད་མི་ལུ་བརྟེན་ ཕམ་མང་ཤོས་ཀྱིས་ ག་ཅི་ཡང་ སླབ་ནི་མེད་པར་ ཁུ་སིམ་སི་སྦེ་ སྡོདཔ་མས་ཟེར་ཨིནམ་ད་ རྒྱུ་རྐྱེན་དེ་ལུ་བརྟེན་  ཨ་ལོ་ཚུ་ལུ་ རྩུབ་སྤྱོད་འབད་མི་ཚུ་ སྙན་ཞུ་མ་འབད་བར་ ལུསཔ་མས་ཟེར་ བཤདཔ་ཨིན་པས། 

ད་རུང་ མོ་གིས་འབད་བ་ཅིན་ བྱུང་རྐྱེན་གྱི་སྐོར་ལས་ སློབ་གྲྭ་ལུ་ དུས་ཐོག་ལུ་ སྙན་ཞུ་མ་འབད་བ་ཅིན་ མོ་རའི་བུ་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་འོང་ཟེར་ འཇིགས་སྐྲག་ཡང་ སྟོན་ཡི་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ལུ་ ཁོང་རའི་འཛོལ་བ་ཚུ་ ཧ་གོ་བཅུག་ནིའི་དོན་ལུ་ སྒྲིག་ཁྲིམས་བཙུགས་ནི་མ་གཏོགས་ ཉེས་བཏོན་སྐྱོན་བཏོན་འབད་ནི་ མི་འོང་ཟེར་ཨིན་པས།

མོ་རའི་བུ་དེ་ སྒྲིག་ཁྲིམས་དང་མ་འཁྲིལ་བའི་ བྱ་ངན་ནང་ གྲལ་གཏོགས་འབད་མི་ ཐེངས་དང་པ་ཨིནམ་ལས་ ཤུལ་ལས་ འདི་བཟུམ་མའི་ བྱུང་རྐྱེན་ཚུ་ནང་ འབྲེལ་འཛིན་མ་འབད་བ་ཅིན་ མོ་ར་གིས་ར་ ཨ་ལོ་དེ་ ཁྲིམས་སྲུང་འགག་སྡེ་ནང་ ཁྱིད་བསྐྱལ་འོང་ཟེར་ ཡིག་ཐོག་ལུ་ འབའ་གན་ལེན་གནང་དགོཔ་སྦེ་ སླབ་ཅི་ཟེར་ ཨའི་གིས་ བཤད་ཡོདཔ་ད་ ཨ་ལོ་ཚུ་ལུ་ ཉེན་བརྡ་དང་ བསླབ་བྱ་ག་ནི་ཡང་ མ་བྱིན་པར་ ཆོས་རྒྱུགས་རན་པའི་སྐབས་ སློབ་གྲྭ་ནང་ འོང་མ་ཆོགཔ་བཟོ་མི་དེ་ རྣམ་དག་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པས།

སློབ་གྲྭའི་བདག་སྐྱོང་གིས་ མོ་གི་ཨ་ལོ་ལུ་ ཁྲིམས་འཀལ་དགོཔ་ ངེས་བདེན་ཨིན་རུང་ དུས་རབས་༢༡ པའི་ལམ་སྟོན་ཚུ་དང་འཁྲིལ་ ལེགས་བཅོས་ཀྱི་ ཐབས་ལམ་དང་ སྒྲིག་ཁྲིམས་ཚུལ་ལྡན་ ལག་ལེན་འཐབ་དགོ་ཟེར་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ ན་ཆུང་ཚུ་ལུ་ ཉེས་བཛུགས་ཀྱི་ ཁྲིམས་ལག་ལེན་འཐབ་ནི་མེན་པར་ ཁོང་རའི་ འཛོལ་བ་ཚུ་ ཧ་གོ་བཅུག་སྟེ་ བསྒྱུར་བཅོས་འབད་ནིའི་ གོ་སྐབས་བྱིན་དགོ་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ ན་གཞོན་དང་འབྲེལ་བའི་ ཁྲིམས་འགེལ་ཚུ་ནང་ འབྲེལ་འཛིན་འབད་ནི་ འཛེམ་ཐོག་ལས་ ཨ་ལོའི་དོན་ལུ་ ལས་ཚན་སོ་སོར་དགོཔ་འདུག་ཟེར་ཨིན་པས།

ས་གནས་མཐའ་ཟུར་ཅིག་ནང་ ལཱ་འབད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཨ་ལོ་ཚུ་གིས་ བྱ་ངན་རེ་འབད་བའི་སྐབས་ལུ་ སློབ་གྲྭའི་བདག་སྐྱོང་གིས་ ཞིབ་དཔྱད་ག་ནི་ཡང་མ་འབད་བར་ ཨ་ལོ་ཚུ་ ཐད་ཀར་དུ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ནི་ ཡང་ཅིན་ སློབ་གྲྭ་ནང་ལས་ དགོངས་ཕོག་གཏང་ནི་འདུག་ཟེར་ཨིན་པས།

ཞི་གཡོགཔ་བསོད་ནམས་ཀྱིས་འབད་བ་ཅིན་ ཨ་ལོའི་དོན་ལུ་ སྲིད་བྱུས་དང་ ལམ་སྟོན་ཚུ་ བརྩམས་ཡོད་རུང་ འདི་ཚུ་ལག་ལེན་འཐབ་ནིའི་ནང་ དཀའ་ངལ་འདུག་ཟེར་ཨིནམ་ད་ མཐའ་ཟུར་སློབ་གྲྭ་ཚུ་ནང་ སློབ་དཔོན་ལ་ལོ་ཅིག་ ཆང་གིས་འགྲངས་ཏེ་ འོང་མི་ཡང་ཡོད་རུང་ སློབ་གྲྭའི་བདག་སྐྱོང་ཁ་ཐུག་ལས་ དང་ལེན་མ་འབད་བར་ བཞགཔ་མས་ཟེར་ཨིན་མས།

སློབ་ཕྲུ་གི་ཕམ་གཞན་ ཚེ་རིང་གིས་ སླབ་མིའི་ནང་ ཨ་ལོ་ཚུ་གི་ ཤེས་ཡོན་དང་ མ་འོངས་པའི་ལམ་སྟོན་བྱིན་མི་ གཙོ་ཅན་དེ་ར་ སློབ་དཔོན་ཚུ་ཨིནམ་མ་ཚད་ སློབ་ཕྲུག་ཚུ་ དུས་ཚོད་མང་ཤོས་ཅིག་ར་ སློབ་གྲྭ་ནང་ སྡོད་དོ་ཡོདཔ་ལས་ སློབ་དཔོན་ཚུ་གིས་ རྩ་གཞུང་མཇུག་བསྡུ་ནི་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་ནི་མེན་པར་ དེ་བ་ལྷག་པའི་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།

སློབ་སྟོན་པ་ རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ སློབ་གྲྭའི་བདག་སྐྱོང་གིས་ བྱ་ངན་ལོག་ཅི་ར་འབད་མི་ ཨ་ལོ་ཚུ་ལུ་ བསླབ་བྱ་དང་ ལེགས་བཅོས་འབད་ནི་གི་ ཐབས་ལམ་རྫོགསཔ་ད་རྐྱངམ་གཅིག་ དགོངས་ཕོག་བཏོནམ་ཟེར་ཨིནམ་ད་  ད་རེས་ནངས་པའི་ སློབ་གྲྭ་ཚུ་ནང་ ཨ་ལོ་ཚུ་ལས་ སྒྲིག་ཁྲིམས་དང་འབྲེལ་བའི་ དཀའ་ངལ་བྱུང་པའི་ ནམ་དུས་ལུ་ སློབ་དཔོན་དང་ ཕམ་གཉིས་ཆ་ར་གིས་ ཨ་ལོ་ལེགས་བཅོས་འབད་ནིའི་ འགན་ཁུར་འབག་དགོ་ཟེར་ཨིན་པས།

སློབ་དཔོན་པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སློབ་དཔོན་ཚུ་ཡང་ ཨ་ལོ་ཚུ་གི་ སྟབས་བདེ་སྡུག་ཚུ་ལུ་ ཕམ་དང་འདྲ་མཉམ་སྦེ་ར་ ཚ་གྱང་ལང་ཡོད་མི་དེ་ཡང་ དཀའ་ངལ་དེ་གིས་ ཤེས་ཡོན་ལྷབ་སྦྱང་ལུ་ ཐོ་ཕོག་ནི་དེ་གིས་ཨིན་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ དཀའ་ངལ་དེ་ སློབ་གྲྭ་གིས་ བསལ་མ་ཚུགས་པ་ཅིན་རྐྱངམ་གཅིག་ སློབ་ཕྲུག་ཚུ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོདཔ་ཨིན་ཟེར་ཨིན་པས།

སློབ་དཔོན་གཞན་ཅིག་གིས་ སླབ་མིའི་ནང་ ཕམ་ཚུ་གིས་ ཨ་ལོའི་དགོས་མཁོ་ཚུ་ལུ་ བལྟ་དགོཔ་ཨིན་རུང་ ལང་ཤོར་ཐལ་བཅུག་ནི་མི་འོང་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་འབད་རུང་ ཨ་ལོ་ཚུ་ལུ་ དཔེ་ཆ་སྟོན་ནི་དང་ ཨ་ལོའི་བདེ་ཐབས་བལྟ་དགོཔ་དེ་ཡང་ གལ་ཆེ་ཟེར་ བཤདཔ་ཨིན་པའི་གནས་ཚུལ། 

སྐད་སྒྱུར་ པདྨ་ཆོས་སྐྱིད།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *