སློབ་ཕྲུག་ཚུ་གིས་ ཆུ་ཏོག་ལས་ ཆུ་འཐུང་པའི་བསྒང་།

སློབ་གྲྭ་ཚུ་ནང་ ཤེས་ཡོན་མཐུན་རྐྱེན་དང་ རྒྱབ་སྐྱོར་ལམ་ལུགས་ལངམ་སྦེ་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ རྒྱ་སྐྱེད་སློབ་གྲྭ་བརྩིས་ཏེ་ སློབ་གྲྭ་བརྒྱ་ཆ་༦༧.༧ ལུ་ ཆུ་དུང་གི་ མཐུད་སྦྲེལ་ཡོད་པའི་ཁར་ བརྒྱ་ཆ་༡༧.༥ ལུ་ ཉེན་སྲུང་ལྡན་པའི་ སྐྱེ་ཆུ་ལག་ལེན་འཐབ་མས་ཟེར་ ལོ་བསྟར་ཤེས་རིག་གནས་སྡུད་ཀྱི་ སྙན་ཞུ་༢༠༡༩ ཅན་མའི་ནང་བཀོད་ནུག།
གནས་སྡུད་དང་འཁྲིལཝ་ད་ སློབ་གྲྭ་བརྒྱ་ཆ་༨༣ དེ་ཅིག་ནང་ འཐུང་ནི་དང་ བརྒྱ་ཆ་༧༨ དེ་ཅིག་ལུ་ ལགཔ་འཁྱུ་ནིའི་དོན་ལས་ ཆུ་ཚད་ལྡང་སྦེ་འདུག་ཟེར་ཨིན་པས།
དེ་ལས་ སློབ་གྲྭ་བརྒྱ་ཆ་༦༡ དེ་ཅིག་ནང་ གཙང་སྦྲ་བཏོན་ནི་ལུ་ ཆུ་ཡོད་པའི་ཁར་ གཟུགས་ཆུ་འཁྱུ་ནི་ལུ་ ཆུ་ཚད་ལྡན་ཡོད་པའི་ སློབ་གྲྭ་བརྒྱ་ཆ་༥༢ རྐྱངམ་གཅིག་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
སློབ་གྲྭ་བརྒྱ་ཆ་༠.༦ གིས་ ཆར་ཆུ་ལག་ལེན་འཐབ་དོ་ཡོད་པའི་ཁར་ ཆུ་བསགས་ཏེ་ ཆུ་འཐུང་མི་ སློབ་གྲྭ་བརྒྱ་ཆ་༧ དེ་ཅིག་ཡོདཔ་སྦེ་ སྙན་ཞུ་འབད་བའི་སྐབས་ ཤེས་རྟོགས་བྱུང་ནུག།
འཐུང་ཆུ་བཀྲམ་སྤེལ་གྱི་ རྒྱུན་སྐྱོང་ཐད་ལུ་ རྒྱ་སྐྱེད་སློབ་གྲྭ་ཚུ་ནང་ བདུན་ཕྲག་རེ་ནང་ ཉིན་གྲངས་༥-༧ འབདཝ་ད་ བརྒྱ་ཆ་༥༤ དང་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་འབད་བ་ཅིན་ བརྒྱ་ཆ་༨༠.༣ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་གནས་རིམ་གྱི་ ཆ་ཚད་དེ་ སློབ་ཕྲུག་༥༠ ལུ་ ཆུའི་ཆུ་ཏོག་རེ་ དགོཔ་ཨིན་རུང་ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་བར་མ་མ་གཏོགས་ སློབ་གྲྭ་གཞན་ཚུ་ནང་ གནས་ཚད་དང་ལྡནམ་སྦེ་ མེདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཆུ་དང་ གཙང་སྦྲ་ལྡན་པའི་ མཐུན་རྐྱེན་ཡོད་མི་ སློབ་གྲྭ་ཚུ་གིས་ སློབ་ཕྲུག་དང་ ཤེས་ཡོན་གྱི་ གྲུབ་འབྲས་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་ཚུགས་ནི་ཨིནམ་མ་ཚད་ ཆུ་དང་ གཙང་སྦྲ་དང་འབྲེལ་བའི་ ནད་གཞི་ཚུ་ མར་ཕབ་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་བུམོ་ཚུ་གིས་ཡང་ དུས་རྒྱན་དུ་ སློབ་གྲྭ་ནང་ འགྱོ་ནི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ད་ སློབ་གྲྭ་ཚུ་ནང་ འཐུང་ཆུ་བཀྲམ་སྤེལ་དང་ མཐུན་རྐྱེན་ཚུ་ ལེགས་ལྡན་ཡོད་པ་ཅིན་ སློབ་གྲྭ་ཚུ་གི་ གཟུགས་ཁམས་དང་ ཤེས་ཡོན་ལུ་ཡང་ ཁེ་ཕན་སྦོམ་ཡོདཔ་ཨིན་པས།
སློབ་གྲྭ་མང་ཤོས་ཅིག་གི་ གསང་སྤྱོད་དེ་ ཆུ་བཤལ་བཏང་བཏུབ་པའི་ དེང་སང་གི་ མཐུན་རྐྱེན་ཚུ་ཡོདཔ་ད་ ས་དོང་གི་ གསང་སྤྱོད་བརྒྱ་ཆ་༢༢.༢ དང་ གསང་སྤྱོད་ཀྱི་ མཐུན་རྐྱེད་མེད་མི་ སློབ་གྲྭ་བརྒྱ་ཆ་༡༦.༦ ཡོདཔ་ཨིན་པས།
སློབ་གྲྭ་ཚུ་ནང་ གསང་སྤྱོད་ལག་ལེན་གྱི་ཐད་ལུ་ བུཚ་ཚུ་གིས་ གསང་སྤྱོད་བརྒྱ་ཆ་༨༠.༡ དང་ བུམོ་ཚུ་གིས་ གསང་སྤྱོད་བརྒྱ་ཆ་༧༠.༦ ལག་ལེན་འཐབ་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
གཞུང་གི་སློབ་གྲྭ་ཆེ་བ་དང་ གོང་མའི་ནང་ སྦྱོང་བརྡར་ཅན་གྱི་ གསོ་བའི་མཉམ་འབྲེལ་པ་ཚུ་ཡོདཔ་ད་ སྒེར་གྱི་སློབ་གྲྭ་བར་མ་དང་ ཆེ་བའི་ནང་ གསོ་བའི་མཉམ་འབྲེལ་པ་རྐྱངམ་གཅིག་ཡོདཔ་ཨིན་པས།
སློབ་གྲྭ་བརྒྱ་ཆ་༢༥.༡ དེ་ཅིག་ནང་ རྒྱུན་སྐྱོང་དང་ ཉམས་བཅོས་འབད་ནི་ལུ་ སྦྱོང་བརྡར་ཅན་གྱི་ སྲུང་རྒྱབ་ཡོད་མི་ཚུ་ཡང་ མང་ཤོས་ར་ འབྲིང་རིམ་སློབ་གྲྭ་བར་མ་ཚུ་ནང་ཡོདཔ་ད་ རྒྱ་སྐྱེད་སློབ་གྲྭ་ཚུ་ནང་ སྲུང་རྒྱབ་བརྒྱ་ཆ་༥.༤ ལས་བརྒལ་མེདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *