སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཁག་ཆེ་རུང་ སྤུས་ཚད་ལུ་ ཐོ་ཕོག་ནི་མི་འོང་།

༉ གཞུང་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ ག་ར་གིས་ གཅིག་མཚུངས་སྦེ་ ཐོབ་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་ སློབ་གྲྭ་ལྟེ་བ་ཐེབས་༣༠ གཞི་བཙུགས་འབད་ནིའི་ འཆར་གཞི་རྩམ་པའི་བསྒང་ཡོདཔ་ལས་ སློབ་གྲྭ་ལྟེ་བའི་ གནད་དོན་དེ་ ལོག་ཐོནམ་ཨིན་མས།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ལྟེ་བ་ཁ་སྐོང་སྒོ་ཕྱེ་དགོ་པའི་ འོས་ཁུངས་དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ནང་ སློབ་གྲྭ་ལྟེ་བ་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ སློབ་གྲྭ་ལྟེ་བ་དང་ ལྟེ་བ་མེན་པའི་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་འདྲ་མཉམ་སྦེ་ བགོ་བཀྲམ་མ་འབད་བའི་ཁར་ མཐུན་རྐྱེན་ཐོབ་མི་དང་ མ་ཐོབ་མི་ སློབ་གྲྭ་ཚུ་གི་བར་ན་ཡང་ ཁྱད་པར་སྦོམ་སྦེ་ར་ཆགས་ཡོདཔ་ མངོན་གསལ་བྱུང་མི་ལུ་བརྟེན་ཨིན་མས།
དེ་ཡང་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༡༦༧,༡༠༨ ཡོད་མི་ལས་ སྤྱི་ལོ་༢༠༡༨ ཟླ་༩ པའི་ནང་འཁོད་ལུ་ སློབ་གྲྭ་ལྟེ་བ་༦༣ ནང་ སློབ་ཕྲུག་༥༠,༣༠༩ རྐྱངམ་གཅིག་གིས་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ཐོབ་སྟེ་ཡོད་རུང་ སློབ་ཕྲུག་ལྷག་ལུས་༡༡༦,༧༩༩ དེ་ཅིག་གིས་ སློབ་གྲྭ་ལྟེ་བའི་མཐུན་རྐྱེན་ ཅ་ཆས་དང་ ཉིན་ལྟོ་གིས་མ་དོ་བར་ སློབ་གྲྭའི་སྒྲིག་གོ་དང་ དཀྱི༌ར༌ ལྷམ་ གདན་མལ་ཆ་ ཨོམ་སོ་ རྩེད་རིགས་ཀྱི་གྱོན་ཆས་ གདན་ཁེབས་ ཧང་ཤུབས་ ཨར་ཅོ་ལྟོ་རས་ཚུ་ མ་ཐོབ་པར་ཡོདཔ་ལས་ ད་ལྟོའི་གཞུང་སྐྱོང་གི་ལྟ་བ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དང་ རྒྱབ་འགལ་འགྱོ་དོ་བཟུམ་ཅིག་ཨིན་མས།
འདི་འབདཝ་ལས་ གཞུང་གིས་ སློབ་གྲྭ་ལྟེ་བ་ཐེབས་༣༠ དེ་ཅིག་ སྒོ་ཕྱེ་ནི་གི་ འཆར་གཞི་ཡོད་མི་ལུ་ བལྟ་བ་ཅིན་ སློབ་གྲྭ་ག་ར་གིས་ མཐུན་རྐྱེན་ཚུ་ ཅོག་འཐདཔ་དང་ འདྲ་མཉམ་འཐོབ་ནི་གི་ འོས་འབབ་འདུག།
དེ་འབདཝ་ད་ འདས་པའི་གཞུང་གི་སྐབས་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ལྟེ་བ་༡༢༠ གཞི་བཙུགས་འབད་ནི་གི་ དམིགས་གཏད་བསྐྱེད་མི་ལས་ ཕྱེད་ཀ་ལྷགཔ་ཅིག་ སྒོ་ཕྱེ་ཡོད་རུང་ དེ་བསྒང་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེ་ དེ་ལས་ ད་ལྟོ་གཞུང་སྐྱོང་གི་ དབང་ཚད་ཁར་ཡོད་མི་ འབྲུག་མཉམ་རུབ་ཚོགས་པ་དང་ བརྡ་བརྒྱུད་ཀྱིས་ མ་དངུལ་གྱི་ གདོང་ལེན་འབྱུང་ནི་ཨིནམ་ལས་ སློབ་གྲྭ་ལྟེ་བ་ཚུ་ ཡུན་བརྟན་ག་དེ་སྦེ་ འོང་ག་དང་ ཤེས་ཡོན་གྱི་ སྤུས་ཚད་ལུ་ ཐོ་མི་ཕོག་ག་ཟེར་ ཚ་གྱང་དང་བཅསཔ་སྦེ་ རྒྱབ་འགལ་འབད་མི་དེ་ མང་ཤོས་ཅིག་གི་ སེམས་ཁར་ཡོདཔ་འོང་།
སློབ་གྲྭ་ལྟེ་བ་ཚུ་གིས་ ཕམ་ཉམ་ཆུང་ཚུ་གི་ ཨ་ལོ་ཚུ་ལུ་ ཕན་ཁྱད་བྱུང་ཡོད་རུང་ ཨ་ལོ་ཆུང་ཀུ་ཚུ་ དྲོ་པ་ལོངམ་ད་དང་ བཞེས་སྒོ་ཟ་བར་འགྱོཝ་ད་ བདག་འཛིན་འཐབ་མི་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ་མ་ཚད་ བཀྲམ་སྤེལ་བ་ལ་ལོ་གིས་ གོ་སྐབས་ལེན་ཐོག་ལས་ སློབ་གྲྭའི་སྒྲིག་གོ་དང་ ལྷམ་ ཨོམ་སོ་ཚུ་ སྤུས་ཚད་མེད་པར་ བཀྲམ་སྤེལ་འབད་བའི་ ཉོགས་བཤད་བཀོད་མི་ཡང་ཐོན་ནུག།
དེ་གིས་མ་ད་ོབར་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ལོག་སྤྱོད་དང་ འཕྲོ་བརླག་སོང་བའི་སྐོར་ལས་ ཤེས་རིག་ལྷན་ཁག་ལུ་ ཉོགས་བཤད་ཚུ་ ལྷོད་ཡོདཔ་མཞིན་དུ་ བསྐྱར་ཞིབ་སྐབས་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ཁག་འབགཔ་ལུ་ སྤྲོད་མི་ལུ་བརྟེན་ མི་སྡེ་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ བར་ཆད་རྐྱབ་ཡོད་པའི་ མངོན་གསལ་ཡང་བྱུང་ནུག།
གནད་དོན་དེ་ཚུ་ལུ་བརྟེན་ གཞུང་གིས་ སློབ་གྲྭ་ལྟེ་བ་ཐེབས་ གཞི་བཙུགས་མ་འབད་བའི་ཁར་ ད་ལྟོ་ཡོད་མིའི་ དཀའ་ངལ་དང་ ཉོགས་བཤད་ཚུ་ སེལ་ཐབས་འབད་དགོཔ་བཞིན་དུ་ སློབ་གྲྭ་ཁ་སྐོང་བཙུགས་དགོཔ་ ངེས་བདེན་ཡོད་རུང་ མཐུན་རྐྱེན་ཚུ་གི་ སྤུས་ཚད་ལུ་ ཐོ་ཕོག་ནི་མེདཔ་ ངེས་བརྟན་བཟོ་དགོ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *